ཐེན་ཅིན་ཁྲིན་གྱིས་ལས་བགོས་ཁྱབ་ཁོངས་ཀྱི་ལས་གཞི་གཙོ་བོ་འཛུགས་སྐྲུན་དང་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
2020.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་མཚོ་ཤར་གྲོང་ཁྱེར་ལ་སོང་ནས་ལས་བགོས་ཁྱབ་ཁོངས་ཀྱི་ལས་གཞི་གཙོ་བོ་འཛུགས་སྐྲུན་དང་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་བྱ་བར་དམིགས་ནས། བཟོ་སྐྲུན་བྱེད་པའི་དུས་ཚོད་བཟང་བོ་དམ་འཛིན་བྱེད་པ་དང་། རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ལས་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཐེན་ཅིན་ཁྲིན་སོགས་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་ལྷོ་བྱང་རི་ལྗང་བསྒྱུར་དང་ཕེན་ཨན་ཆུའུ་ཙོང་ཆུའི་བཞུར་རྒྱུན་པད་ཧྲིན་ཆུ་ལག་གི་བཙོག་བཟོ་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོ། ལི་ཏུའུ་ཆུའུ་ཀྲུང་པཱ་ཞང་ས་གཤིས་གནོད་འཚེ་འགོག་བཅོས། མེན་ཧི་ཧྲི་ནཱ་བརླན་སའི་སྤྱི་གླིང་ལྗང་བསྒྱུར་ལས་གཞི་ཡུལ་དངོས་བཅས་སུ་སོང་ནས། བཟོ་སྐྲུན་འཛུགས་སྐྲུན་བཀོད་སྒྲིག་དང་ལས་གཞི་ལག་བསྟར་གནས་ཚུལ། བཟོ་སྐྲུན་འཛུགས་སྐྲུན་རྩ་འཛུགས། རྒྱུ་རྐྱེན་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཐེན་ཅིན་ཁྲིན་གྱིས་ལས་གཞི་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་བྱེད་པ་དང་གནད་ཕིགས་ལག་བསྟར་སྟེང་ཤུགས་འདོན་པ། དམིགས་འབེན་ལས་འགན་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་བྱ་བ་སྣ་ཚོགས་སྤེལ་དགོས་པའི་རེ་བ་བཏོན།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། མིག་སྔར་ནི་ནགས་བསྐྲུན་ལྗང་བསྒྱུར་གྱི་གནད་འགག་དུས་ཚིགས་ཡིན་པས། ཕན་ཡོད་དུས་ཚོད་དམ་འཛིན་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་ལས་ཁུངས་གཅིག་ལ་ས་ལེབ་མ་གཅིག་དང་ཁེ་ལས་གཅིག་ལ་ར་བ་གཅིག མི་གཅིག་ལ་སྡོང་བོ་གཅིག ཚན་རིག་དང་སྐྱེ་ཁམས། གྲོན་ཆུང་གི་ལྗང་མདོག་འཕེལ་རྒྱས་ལམ་བུ་བསྐྱོད་པའི་རེ་བ་ལྟར། གོ་རིམ་ལྡན་པའི་སྒོ་ནས་དཔྱིད་དུས་ཀྱི་ནགས་བསྐྲུན་ལྗང་བསྒྱུར་བྱ་བ་སྤེལ་བ་དང་། ཙོང་ཆུའི་འགྲམ་གཉིས་ཀྱི་ལྗང་མདོག་བར་ཁྱམས་འཛུགས་སྐྲུན་བྱེད་དགོས། ཙོང་ཆུའི་བཞུར་རྒྱུན་གྱི་བཙོག་བཟོ་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོ་མྱུར་དུ་སྤེལ་བ་དང་། རྒྱུན་མཐུད་ངང་ཆུའི་ཁོར་ཡུག་གི་སྤུས་ཚད་ལེགས་བསྒྱུར་བྱས་ནས། གྲོང་ཁྱེར་གྱི་ཆུ་ཚད་དང་གྲོང་ཁྱེར་སྤྱི་ཁོག་གི་སྣང་བརྙན་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ས་གཤིས་གནོད་འཚེའི་ལྟ་ཞིབ་སྔོན་བརྡ་དང་ཉེན་ཁ་རྟོག་སེལ་ལ་ཤུགས་སྣོན་པ་དང་། གནོད་འཚེའི་ཉེན་ཁ་སྔོན་འགོག་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་སྐྲུན་བཅོས་སྐྱོང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།