ལིས་ཁི་ཆང་གིས་ཁི་ལོ་ཏི་ཡཱི་ཙུང་ལི་དང་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ལ་ཁ་པར་བཏང་། 
2020.03.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་དུས་བཅད་ལྟར་ཁི་ལོ་ཏི་ཡཱའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་དང་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཁུའུ་ཨར་ཚི་གཉིས་ལ་ཁ་པར་བཏང་། 

ཕུའུ་ལེན་ཁི་ཝེ་ཆི་དང་ཁ་པར་གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་ཁི་ལོ་ཏི་ཡཱ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བར་འཚམས་འདྲི་བྱེད་པའི་ཚུལ་བསྟན། ཁོང་གིས་བསྟན་དོན། རྒྱལ་ཡོངས་གོང་འོག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། ཀྲུང་གོས་རིམས་ནད་འགོག་བཅོས་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད། མིག་སྔར་རིམས་ནད་དེ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཅིག་ཏུ་གྱུར་ཡོད་པས། རྒྱལ་ཁབ་སུ་ཡིན་ཡང་རང་ཉིད་གཅིག་པུ་བསམ་ནས་སྡོད་མི་རུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་ཐག་གཅོད་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཁི་ལོ་ཏི་ཡཱ་ཕྱོགས་ཀྱི་རིམས་འགོག་ཐད་རང་ནུས་ཅི་ལྕོགས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་དང་། ཁི་ལོ་ཏི་ཡཱ་ཡིས་ཀྲུང་གོ་ནས་སྨན་བཅོས་མཁོ་དངོས་ཉོ་བསྡུ་བྱེད་པར་སྟབས་བདེ་བཟོ་འདོད་ཡོད། ཁི་ལོ་ཏི་ཡཱའི་ཕྱོགས་ཀྱིས་ཁི་ལོ་ཏི་ཡཱའི་ལས་གཞི་ཆེན་མོའི་འཛུགས་སྐྲུན་ལ་ཞུགས་བཞིན་པའི་ཀྲུང་གོའི་བཟོ་སྐྲུན་ལག་རྩལ་མི་སྣ་དང་། དེ་མིན་ཁི་ལོ་ཏི་ཡཱ་རུ་བྱ་བ་བསྒྲུབ་པ་དང་འཚོ་བ་རོལ་བཞིན་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་དང་འཚོ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཁི་ལོ་ཏི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་འཕྲོད་བསྟེན་པུའུ་ཀྲང་གི་བརྙན་རིས་གྲོས་ཚོགས་སྤེལ་རྒྱུའི་གྲོས་གཞི་བཏོན་པར་རྒྱབ་སྐྱོར་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་བར་རྒྱལ་སྤྱིའི་མཉམ་ལས་སྤེལ་ཏེ་རིམས་འགོག་དང་གསོ་བཅོས་ཉམས་མྱོང་བརྗེ་རེས་བྱེད་འདོད་ཡོད་ཟེར། 

ཕུའུ་ལེན་ཁི་ཝེ་ཆི་ཡིས་ཀྲུང་གོས་རིམས་འགོག་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། མིག་སྔར་ཁི་ལོ་ཏི་ཡཱ་རུ་རིམས་ནད་རྒྱ་ཡན་དུ་འགྲོ་བཞིན་ཡོད་པས། རིམས་འགོག་དངོས་རྫས་དང་སྒྲིག་ཆས་ཀྱི་ཉོ་བསྡུའི་ཐད་ནས་ཀྲུང་གོས་རྒྱབ་སྐྱོར་ཐོབ་པའི་རེ་བ་ཡོད་ཟེར། ཁི་ལོ་ཏི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གང་མགྱོགས་སྒོས་ཡོ་རོབ་གླིང་དང་ཀྲུང་གོའི་འཕྲོད་བསྟེན་པུའུ་ཀྲང་གི་བརྙན་རིས་གྲོས་ཚོགས་སྤེལ་ཏེ་མཉམ་དུ་རིམས་ནད་འགོག་བཅོས་བྱེད་དགོས་ཟེར། 

ཁུའུ་ཨར་ཚི་དང་ཁ་པར་གྲོས་མོལ་བྱེད་སྐབས་ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་མི་དམངས་རིམས་འགོག་གི་དཀའ་སྡུག་དུས་སྐབས་སུ་ཡོད་དུས་ཨོ་སི་ཁྲུ་རི་ཡཱའི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས། མིག་སྔར་ཨོ་སི་ཁྲུ་རི་ཡཱ་རུ་རིམས་ནད་བྱུང་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡཱའི་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱས་ཤིང་། རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་ཏེ། མུ་མཐུད་དུ་ཨོ་སི་ཁྲུ་རི་ཡཱ་ཡིས་ཀྲུང་གོ་ནས་སྨན་བཅོས་མཁོ་དངོས་ཉོ་བསྡུ་དང་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བཟོ་འདོད་ཡོད། ཨོ་སི་ཁྲུ་རི་ཡཱའི་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡཱ་རུ་ཡོད་པའི་ཀྲུང་གོའི་ཕྱི་འགྲིམ་སློབ་མ་འདུས་པའི་སྤྱི་དམངས་ཀྱི་བདེ་འཇགས་དང་འཚོ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

ཁུའུ་ཨར་ཚི་ཡིས་བསྟན་དོན། ཨོ་སི་ཁྲུ་རི་ཡཱ་ལ་ཀྲུང་གོའི་རིམས་འགོག་གྲུབ་འབྲས་བཟང་བོས་བག་ཆགས་ཟབ་མོ་བཞག་ཡོད། ཨོ་སི་ཁྲུ་རི་ཡཱ་དང་ཀྲུང་གོ་ནི་གྲོགས་པོ་བཟང་བོ་ཡིན། མིག་སྔར་ཨོ་སི་ཁྲུ་རི་ཡཱ་རིམས་འགོག་ཐད་ནས་འགྲན་རྩོད་ཚབས་ཆེན་ལ་འཕྲད་ཡོད་པ་དང་། དགོས་ངེས་ཀྱི་སྨན་བཅོས་མཁོ་དངོས་དང་སྒྲིག་ཆས་ཉོ་བསྡུ་བྱེད་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རོགས་རམ་བྱེད་པའི་རེ་བ་ཡོད། 

ཝང་དབྱེ་དང་ཧི་ལི་ཧྥུན་གོང་གི་བྱ་འགུལ་ལ་ཞུགས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།