མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་ཞིང་ཆེན་ཡོངས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཧའེ་ཁུན་གྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་བཀོད་སྒྲིག་ཞིབ་མོ་ལྟར། འགན་འཁྲི་དམིགས་འབེན་དང་དུས་ཚོད་རེའུ་མིག་གཏན་ཁེལ་གསལ་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་དྲ་སྦྲེལ་བྱ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝུའུ་ཧའེ་ཁུན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བར་གྱི་དྲ་སྦྲེལ་དམ་འཛིན་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་དང་ཆ་རྐྱེན་ལྡན་པའི་རྫོང་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཛུགས་སྐྲུན་བྱེད་ཐུབ་པ་དང་མཉམ་འབྲེལ་བྱེད་ཐུབ་པ། བཀོལ་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱེད་པ། འཕྲེད་ཕྱོགས་མཉམ་འབྲེལ་དང་གཞུང་ཕྱོགས་མཉམ་འབྲེལ་མངོན་འགྱུར་བྱས་ཏེ། སྔོན་རྩིས་ལྟ་སྐུལ་བྱ་བའི་ཕན་འབྲས་རང་བཞིན་དང་ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གྲོང་ཁྱེར་དང་ཁུལ་དམངས་ཆེན་གྱིས་དུས་ལྟར་ཏང་ཨུ་ལ་ཡར་ཞུ་བྱས་ནས། ཏང་ཨུའི་རྒྱབ་སྐྱོར་དང་སྲིད་གཞུང་གི་གཞོགས་འདེགས་བརྩོན་ལེན་བྱེད་དགོས། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་མཛུབ་ཁྲིད་ཀྱི་ཇུས་གཞི་གཏན་འབེབས་བྱེད་པ་དང་། གཙོ་འགན་ལས་ཁུངས་ལ་འགན་ཁུར་བ་མ་ཟད་འོག་རིམ་སྡེ་ཁག་དང་དམངས་ཆེན་བར་གྱི་དྲ་སྦྲེལ་འཛུགས་སྐྲུན་མཛུབ་སྟོན་བྱེད་པ་དང་། རང་རྟོགས་སྒོས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱས་ཏེ། དམངས་ཆེན་གྱི་སྔོན་རྩིས་ལྟ་སྐུལ་གྱི་སྤུས་ཚད་དང་ལས་ཆོད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། རིམ་པ་སོ་སོའི་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་གི་རྩོལ་ནུས་རྒྱ་སྐྱེད་པ་དང་། མ་ལག་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ། རྒྱལ་དབང་རྒྱུ་ནོར་གྱི་སྙན་ཞུ་ལམ་ལུགས་དང་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་གྱི་གཙོ་གནད་རྒྱ་སྐྱེད་བཅོས་བསྒྱུར་ལག་བསྟར་བྱས་ནས། རིམ་པ་བཞིན་སྔོན་རྩིས་བཞི་དང་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ཐད་ཀྱི་ལྟ་སྐུལ་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་དགོས། དེ་དང་མཉམ་དུ། སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་བེད་སྤྱོད་གང་ལེགས་བྱེད་པ་དང་། དྲ་སྦྲེལ་ལྟ་སྐུལ་དང་སྔོན་རྩིས་ངེས་རྩིས་ཐད་ཀྱི་ཞིབ་བཤེར་དང་སྔོན་རྩིས་ལག་བསྟར་ལྟ་སྐུལ། འཐུས་མིའི་འགན་སྒྲུབ། རྩིས་བཤེར་ལྟ་སྐུལ་བཅས་དང་ཟུང་འབྲེལ་བྱས་ཏེ། ཞིབ་བཤེར་ལྟ་སྐུལ་གྱི་བྱེད་ཐབས་དང་རྣམ་པ་གསར་གཏོད་བྱེད་དགོས་པའི་རེ་བ་བཏོན།