མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས།
2020.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་གསུམ་པའི་ཚེས་སོ་་གཅིག་ཉིན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་པ་བརྙན་རིས་ཀྱི་ལམ་ནས་བསྡུས་ཤིང་། གྲོས་ཚོགས་ལས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལས་རིམ་དངོས་འབེབས་གནས་ཚུལ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་རིང་གི་ལག་ལེན་འཆར་གཞི་ཞེས་པར་གྲོས་མོལ་བརྒྱུད་ནས་གྲོས་འཆམ་བྱུང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཅན་ལུང་ཚོགས་འདུར་ཞུགས་ནས་གཏམ་བཤད། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཐེངས་གཉིས་པའི་གྲ་སྒྲིག་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཁྲོན་ལང་ཚོགས་འདུར་ཞུགས།

ལིག་ཉིང་གིས་བསྟན་དོན། འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པའི་ཚུན་ལ། ཁོངས་མིའི་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་མཚོ་སྔོན་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ཚུལ་སྒྱུར་རིམ་སྤོར་བྱེད་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱས་ཏེ་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་དང་མཛེས་པའི་མཚོ་སྔོན་གྱི་གཟི་མདངས་ཅིག་ཅར་བསྟན་ཡོད། ད་ལོ་ནི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱིས“གོམ་སྟབས་གསུམ་བགྲོད”ཀྱི་སྤྱིའི་དམིགས་འབེན་འཛུགས་སྐྲུན་བྱེད་པའི་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་ལ། དཔེ་སྟོན་ཞིང་ཆེན་གྱིས་ལོ་གསུམ་འགུལ་སྐྱོད་འཆར་གཞི་འཛུགས་སྐྲུན་བྱེད་པའི་ལོ་དང་པོའང་ཡིན། གཙོ་གནད་ལ་དམིགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་བསྡུ་སྒྲིལ་དང་ཇེ་ལེགས་སུ་གཏོང་རྒྱུར་དམ་འཛིན་བྱེད་པ། འཆར་འགོད་སྣ་ཚོགས་མགྱོགས་མྱུར་བཟོ་བ་བཅས་བྱས་ནས་སྐྱེ་ཁམས་འཛུགས་སྐྲུན་ལ་ ཤུགས་སྣོན་ཏན་ཏིག་རྒྱག་དགོས། ལམ་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ནུས་ཆེའི་འཁོར་སྐྱོད་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྣ་མང་གི་མ་དངུལ་འགན་ལེན་ལམ་སྲོལ་དང་དོ་དམ་ལམ་སྲོལ། ཚན་རིག་ཞིབ་འཇུག་ལམ་སྲོལ། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བཅས་གཙོ་བོར་བྱེད་པའི་སྤེལ་རེས་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། མཚོ་སྔོན་འདི་ཉིད་རྒྱལ་ཁབ་ས་མཐོའི་ནགས་ཚལ་དང་རྩྭ་ཐང་གཙོ་བོ་ཡིན་པའི་ཐང་སྟོང་ལྟ་དཔྱད་ཚད་འཇལ་ར་བ་དང་ཚོད་ལྟའི་ཞིབ་འཇུག་རྟེན་གཞི་ཞིག་ཏུ་བསྐྲུན་ནས། རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་ཆེད་ཉམས་མྱོང་བསྡུ་ལེན་དང་དཔྱད་གཞི་མཁོ་འདོན་བྱེད་པ་བཅས་བྱས་མཐར། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་སྲུང་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཟེར།

ཀྲང་ཅན་ལུང་གིས་བསྟན་དོན། ཅུའུ་དང་ཞིང་ཆེན་གྱིས་མཉམ་དུ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་སྤེལ་འགོ་བཙུགས་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མཚོ་སྔོན་གྱི་ས་མཐོའི་ཁྱད་ཆོས་ལྡན་པའི་སྲུང་སྐྱོབ་དང་དོ་དམ། འཛུགས་སྐྲུན་བཅས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཁ་ཕྱོགས་སྔར་ལས་ཁ་གསལ་དང་མཐུན་སྦྱོར་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་བ། འཛུགས་སྐྲུན་བྱ་ཐབས་སྔར་ལས་ནུས་ལྡན་བྱུང་བ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ཕན་འབྲས་སྔར་ལས་མངོན་གསལ་དོད་པ་བཅས་བྱུང་ནས། རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་ཆེད་ཉམས་མྱོང་གསོག་འཇོག་བྱས་ཡོད། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་གྱི་ལག་ལེན་འཆར་གཞི་དོན་འཁྱོལ་ཡག་པོ་བྱེད་པ་དང་། དོ་དམ་སྒྲིག་སྲོལ་གྱི་རྣམ་པ་གསར་པ་གཏོད་པ། སྲུང་སྐྱོབ་ས་ཁུལ་མ་ལག་གི་རྣམ་པ་གསར་པ་གཏོད་པ། འཆར་འགོད་མ་ལག་གི་འཆར་གཞི་གསར་པ་འགོད་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་བཅས་བྱེད་དགོས། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པ། སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་གྲ་སྒྲིག་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྲིད་ཇུས་དང་མ་དངུལ། ཤེས་ལྡན་མི་སྣ། ལག་རྩལ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་ནགས་ལས་དང་རྩྭ་ཐང་བྱ་གཞག་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།