ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2020.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཞི་བའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་གསར་འཛུགས་དང་ལས་སྣོན་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱ་སྐྱེད་བརྗེ་རེས་ཚོགས་འདུ་དྲ་ངོས་ནས་བསྡུ་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་གཏན་ལ་ཕབ་པ་དང་། ཧུར་ཐག་སྒོས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ནས་ཕྱི་ཚོང་ཕྱི་དངུལ་གྱི་གཞི་རྩའི་བསམ་བཀོད་བརྟན་འཇགས་སུ་བཏང་བ་དང་། ཀུན་ཕན་དངུལ་རྩ་དང་དངུལ་བུན་ཉུང་ཙམ་བསྐྱི་བའི་ཀུང་ཟིའི་ཁྲལ་བསྡུའི་རྒྱབ་སྐྱོར་སྲིད་ཇུས་སྐོར་ཞིག་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་འཛམ་གླིང་ཡོངས་སུ་རིམས་ནད་འགོས་ཁྱབ་བྱུང་བ་དེས་འཛམ་གླིང་གི་དཔལ་འབྱོར་དང་རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་ལ་ཤུགས་ཆེན་ཆེན་པོ་བཟོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པའི་བཀོད་སྒྲིག་ལྟར། སྒོ་འབྱེད་རྒྱ་བསྐྱེད་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཚོང་བརྟན་འཇགས་དང་ཕྱི་དངུལ་བརྟན་འཇགས་སུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རང་རྒྱལ་གྱི་དཔལ་འབྱོར་ཐད་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་ཟེར།

འཛམ་གླིང་ཡོངས་སུ་རིམས་ནད་ཛ་དྲག་ཆེ་བའི་གནས་བབ་ལ་དམིགས་ཏེ། ཚོགས་ཐོག་ནས་སྐབས་བརྒྱ་དང་ཉེར་བདུན་པའི་རྒྱ་སྐྱེད་བརྗེ་རེས་ཚོགས་འདུ་ཟླ་དྲུག་པའི་ཟླ་སྨད་ལ་དྲ་ངོས་ནས་བསྡུ་རྒྱུ་ཐག་བཅད། རྒྱལ་ཁབ་ཕྱི་ནང་གི་ཚོང་བ་གདན་དྲངས་ཏེ་དྲ་ངོས་ནས་ཐོན་རྫས་འགྲེམ་སྟོན་བྱེད་པ་དང་སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་བཀོལ་ཞིང་དྲ་ངོས་ནས་མཚམས་སྦྱོར་བྱེད་པ་དང་འདོན་སྤྲོད་འབྲེལ་མཐུད་བྱེད་པ། དྲ་ངོས་ནས་ཚོང་གཏམ་བྱེད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་མ་ཟད་སྤུས་ལེགས་ཁྱད་ཐོན་ཚོང་རྫས་ཀྱི་དྲ་ངོས་ཉོ་ཚོང་སྟེགས་བུ་གསར་སྐྲུན་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཚོང་བས་དྲ་ངོས་སུ་ཉོ་ཚོང་བྱེད་དུ་འཇུག་དགོས་ཟེར།

ཀུན་ཕན་དངུལ་རྩའི་ཞབས་ཕྱི་ལ་ཤུགས་སྣོན་ཆེད། ཚོགས་ཐོག་ནས་ནོར་སྲིད་དངུལ་རྩའི་སྲིད་ཇུས་མཉམ་འགུལ་ལག་བསྟར་བྱས་ཏེ། གཏན་འཁེལ་བྱས་པའི་དུས་ཡུན་ཐོན་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྐོར་ཞིག་ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་བར་དུ་ཇེ་རིང་ལ་གཏོང་རྒྱུ་ཐག་བཅད།