ལིའུ་ཉིང་གིས་མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས། 
2020.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་མགོ་འཛིན་མཛད་དེ་མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་ནས། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར། ཚན་རིག་རང་བཞིན་དང་དུས་རིམ་རང་བཞིན། ས་ཁོངས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཏེ། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། 

ལིའུ་ཉིང་གིས་བསྟན་དོན། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་འབྱོར་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། རང་འགུལ་སྒོས་དུས་རབས་གསར་བའི་རྒྱལ་ཁབ་འཐབ་ཇུས་སུ་འདྲེས་པར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད། རང་ཞིང་གི་མཁར་གྲོང་དེང་རབས་ཅན་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་ཁྱོན་ཡོངས་ཀྱི་མིག་རྒྱང་ཆགས་པར་བྱེད་པ། གཏན་གནས་གསལ་བོར་འཚོལ་བ། ཐབས་ལམ་གསལ་བོ་ཡིན་པ། གཅིག་གྱུར་འཆར་འགོད་བྱེད་པ། གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཕེལ་རྒྱས་སུ་གཏོང་བའི་གསོན་ཤུགས་སྐུལ་སྤེལ་བྱས་ནས། ཆུ་ཚད་མཐོན་པོའི་སྒོ་ནས་མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། 

ལིའུ་ཉིང་གིས་ནན་གྱིས་བསྟན་དོན། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་རྒྱུན་འཁྱོངས་བྱས་ཤིང་། ལྷད་མེད་དམངས་ཕན་དང་སྐྱེ་ཁམས་དམངས་ཕན་འབུར་དུ་ཐོན་པར་བྱས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དེ་མཁར་གྲོང་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་ཏེ། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་དཔེ་སྟོན་ཞིང་ཆེན་བཞིའི་འཛུགས་སྐྲུན་དང་ཟུང་འབྲེལ་གང་ལེགས་བྱས་ནས་གཅིག་གྱུར་བཀོད་འདོམ་སྒོས་སྐུལ་འདེད་གཏོང་དགོས། གཏན་འཇགས་གསུམ་དང་མཉམ་འདྲེས་བཞི་དང་། ལོ་བརྒྱའི་དམིགས་འབེན། མཐོ་སྒང་ཁྱད་ལྡན། མཐུན་སྦྱོར་མཉམ་འཛུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་ལ་རྐང་བཙུགས་ཏེ། མཁར་གྲོང་ཅོན་གྱི་འཕེལ་རྒྱས་ཆོས་ཉིད་དང་བསྟུན་པ་དང་། སྲོལ་རྒྱུན་གྱི་རིག་གནས་གཞི་རྒྱུའི་ཁྲོད་ཡོངས་སུ་འདྲེས་པར་བྱེད་པ། ལོ་རྒྱུས་ཀྱི་དྲན་འཛིན་དང་རིག་གནས་ཟུངས་རྒྱུན། ས་ཁོངས་རྣམ་པ། མི་རིགས་ཁྱད་ཆོས་བཅས་ལྡན་པའི་ལོ་བརྒྱའི་མཁར་གྲོང་ཆུང་བ་གསར་དུ་བསྐྲུན་ནས། མི་དམངས་མང་ཚོགས་ཀྱིས་མཛེས་པའི་རི་ཆུ་མཐོང་ཐུབ་པ་དང་ཕ་ཡུལ་དྲན་པའི་གདུང་བ་སེམས་སུ་ཉར་དུ་འཇུག་དགོས། པུའུ་དང་ཞིང་ཆེན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཁར་གྲོང་གི་མྱོང་རོལ་དཔྱད་འཇོག་དང་འཆར་འགོད་སྒྲིག་ལུགས། ཁྲིམས་འཛུགས་སོགས་བྱ་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་དོ་དམ་དང་དཔེ་སྟོན་གསར་བཞེངས། མ་དངུལ་རྒྱབ་སྐྱོར་བཅས་ལ་ཤུགས་སྣོན་བྱས་ཏེ། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། 

ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་ཏེ་བྱེ་བྲག་གི་རེ་བ་བཏོན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།