ཝང་དབྱེ་ཡིས་བྷང་ག་ལཱའི་ཕྱི་འབྲེལ་བློན་ཆེན་དང་ཁ་པར་གྲོས་མོལ་བྱས། 
2020.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་ཚེས་བདུན་ཉིན་བྷང་ག་ལཱའི་ཕྱི་འབྲེལ་བློན་ཆེན་མུའུ་མེན་དང་ཁ་པར་གྲོས་མོལ་བྱས། 

ཝང་དབྱེ་ཡིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལཱ་རྒྱལ་ཁབ་གཉིས་ནི་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་གནད་འགག་གི་སྐབས་སུ། བྷང་ག་ལཱའི་སྲིད་གཞུང་གིས་ཀྲུང་གོར་འཚམས་འདྲི་བྱས་ཏེ་རྒྱབ་སྐྱོར་བྱས། མིག་སྔར་རིམས་ནད་དེ་འཛམ་གླིང་ཡོངས་སུ་མཆེད་པ་དང་། བྷང་ག་ལཱ་རྒྱལ་ཁབ་ཀྱི་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ནམ་རྒྱུན་ཨེ་ཤ་ཡཱ་ལྷོ་མ་ས་ཁུལ་གྱི་རིམས་ནད་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། བྷང་གའི་སྲིད་གཞུང་གིས་སྔ་མོ་ནས་སྔོན་འགོག་ཚོད་འཛིན་བྱས་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བར་འགོག་རྒོལ་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད། 

ཝང་དབྱེ་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། བྷང་ག་ལཱའི་ཕྱོགས་ལ་དུས་ལྟར་རིམས་འགོག་དངོས་རྫས་སྐོར་ཞིག་འདོན་སྤྲོད་བྱས་པར་མ་ཟད། ཀྲུང་གོའི་ཁེ་ལས་ལ་སྐུལ་སློང་བྱས་ཏེ་བྷང་ག་ལཱའི་ཕྱོགས་ལ་རྒྱབ་སྐྱོར་བྱས། ང་ཚོས་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྷང་ག་ལཱ་སོགས་ཁྱིམ་མཚེས་རྒྱལ་ཁབ་དག་དང་ལག་རྡང་མཉམ་སྦྲེལ་གྱིས་ནད་དུག་ལ་འཐབ་རྩོད་བྱས་ཏེ། རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་གནོད་པ་ཐེབས་པར་སྔོན་འགོག་བྱེད་པ་དང་། གང་ནུས་ཀྱིས་རྒྱུན་ལྡན་གྱི་རྒྱལ་སྤྱིའི་ཐོན་ལས་མཉམ་ལས་སྲུང་འཛིན་བྱས་ཏེ། ས་ཁུལ་དང་འཛམ་གླིང་མི་དམངས་ཀྱི་བདེ་འཇགས་དང་བདེ་སྐྱིད་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། 

མུའུ་མེན་གྱིས་བསྟན་དོན། བྷང་ག་ལཱ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་བཅོས་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་མིག་དཔེ་བསྟན་ཡོད་པར་བསམ་ཡོད། བྷང་ག་ལཱ་ཕྱོགས་ཀྱིས་ཀྲུང་གོས་དུས་ལྟར་རིམས་ནད་འགོག་རྒོལ་ཐད་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། མུ་མཐུད་དུ་ཁ་ཐུམ་སོགས་རིམས་འགོག་མཁོ་དངོས་ཀྱི་ཐད་ནས་ཀྲུང་གོའི་རྒྱབ་སྐྱོར་ཐོབ་པར་རེ་བ་བྱས་ཡོད། ཐེངས་འདིའི་དཀའ་སྡུག་གི་དུས་སྐབས་སུ། ཀྲུང་གོའི་ཕྱོགས་ཀྱིས་བྷང་ག་ལཱའི་ཕྱོགས་ལ་རྒྱབ་སྐྱོར་གང་ལེགས་བྱས་པ་ལས་ཀྲུང་གོ་ནི་བྷང་ག་ལཱའི་ཆེས་ཡིད་རྟོན་རུང་བའི་གྲོགས་པོ་ཡིན་པ་བདེན་དཔང་བྱས་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་དྲུང་རོའུ་ཁའེ་པང་གི་འབྲེལ་ཡོད་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། བྷང་ག་ལཱ་ཕྱོགས་ཀྱིས་གང་མགྱོགས་སྒོས་ཕྱིར་ལྡོག་བྱ་བ་སྤེལ་དགོས་པའི་རེ་བ་བཏོན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་དོན་དེའི་ཐད་ནས་མུ་མཐུད་དུ་བར་འདུམ་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་པའི་ཚུལ་བསྟན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།