ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་རྒྱལ་ཁབ་ཀྱི་ངོས་ཐད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་འབབ་རྒྱུད་འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་མཐུན་སྦྱོར་ངང་འཛུགས་རྒྱུའི་སྐོར་ནས་གྲོས་འགོ་བཏོན།
2020.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་མཚོ་སྔོན་གྱི་འདོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། ནོར་འཁྲུལ་ཕྲན་ཙམ་ཡང་མི་ཡོང་བ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་ཞིག་རེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་གཞི་ཕུལ་ནས། རྒྱལ་ཁབ་རིམ་པའི་ངོས་ཐད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་མཐུན་སྦྱོར་ངང་བཙུགས་ཏེ། འབབ་རྒྱུད་ན་གནས་པའི་ཞིང་ཆེན་གྱིས་ཐུན་མོང་ཐོག“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་དགོས་པའི་གྲོས་འགོ་བཏོན།                                            གྲོས་གཞིའི་ནང་། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་མ་གདན་དུ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས།  ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད། ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ནང་རྐྱེན་འཛུགས་རྒྱུའི་འཚོལ་ཞིབ་བྱས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་ནུས་ལྡན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། འབབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཆུའི་ཐོན་ཁུངས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད་ནའང་། མིག་སྔར་ད་ཡོད་ཀྱི་སྐྱེ་ཁམས་ཁ་གསབ་ཁྱབ་ཁོངས་ཆུང་བ་དང་ཁ་གསབ་ཚད་གཞི་ཅུང་དམའ་བ། མ་དངུལ་ཡོང་ཁུངས་གཅིག་རྐྱང་ཡིན་པ་སོགས་ཀྱི་ཐད་མངོན་གསལ་དོད་པའི་དཀའ་ངལ་གནས་ཡོད་པར་བརྟེན། མཚོ་སྔོན་གྱི་སྟོབས་ཤུགས་ཁོ་ནར་བརྟེན་ནས་ཐག་གཅོད་ནུས་ལྡན་བྱེད་དཀའ་ཟེར།

རྡོ་རྗེ་རབ་བརྟན་གྱིས་གྲོས་འགོ་བཏོན་ནས་བཤད་རྒྱུར། སྤུས་ཚད་མཐོ་བའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཟོ་སྐྲུན་ཆེ་གྲས་དེ་ལག་བསྟར་ཡག་པོ་བྱ་ཆེད། རྒྱལ་ཁབ་རིམ་པས་གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་བྱེད་དགོས་ལ། འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྐྱིན་གསབ་རྐྱེན་སྲོལ་འཛུགས་དགོས། གཅིག་ནས“མ་ཡུམ་གཙང་པོའི”འབབ་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་གཉིས་མཐུན་སྦྱོར་ངང་འཛུགས་དགོས། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་བྱས་རྗེས་ཆེན་པོ་བཞག་པར་བསམ་བློ་གང་ལེགས་གཏོང་དགོས། ཐཱན་འབུད་གཏོང་ལ་ཁ་གསབ་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་། འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཀྱི་མཁའ་རླུང་གཙང་མ་མཁོ་སྤྲོད་བྱས་པར་ཁ་གསབ་གྲོན་དངུལ་ཚད་ལྡན་དུ་གཏོང་བ།  སྨད་རྒྱུད་ཀྱི་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱིས་སྟོད་རྒྱུད་ཀྱི་དར་རྒྱས་ཞན་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཆུ་འགོ་ས་ཁུལ་གྱིས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས། གཉིས་ནས་མཚོ་སྔོན་གྱི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དགུ་བཅུ་བཀག་སྡོམ་མམ་ཚོད་འཛིན་གསར་སྤེལ་བྱ་རྒྱུ་དེ་ཡིན། ཀྲུང་དབྱང་གི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ཁྱབ་ཁོངས་དེ་ས་ཁུལ་མང་ཆེ་བར་ཁྱབ་ཡོད་མོད། འོན་ཀྱང་སྤོ་སྤྲོད་མ་དངུལ་གྱི་བསྡོམས་འབོར་ཅུང་ཉུང་བ་དང་། མིག་སྔར་གཏོང་སྤྲོད་སྤོ་བསྒྱུར་བྱས་པའི་རྨང་གཞིའི་ཐོག མཚོ་སྔོན་གྱི་དཔལ་འབྱོར་རྗེས་སུ་ལུས་པ་དང་ནོར་སྲིད་ཐད་དཀའ་ངལ་ཡོད་པ་དང་། མང་ཚོགས་དབུལ་ཕོངས་ཡིན་པ་བཅས་ཀྱི་དོན་དངོས་ལ་བསམ་གཞིགས་བྱས་ཏེ། གཙོ་གནད་སྐྱེ་ཁམས་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཁ་གསབ་བཀོད་སྒྲིག་བྱེད་སྐབས་མཚོ་སྔོན་ལ་ཁྱད་པར་ཡོད་པའི་སྲིད་ཇུས་སྤྲོད་དགོས། སྤོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་ཀྱི་ཚད་གཞི་དང་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་དགོས། འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་ཞིབ་འཇུག་བྱས་ནས་འཛུགས་པ་དང་། བརླན་སའི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱ་དགོས། ད་ཡོད་ཀྱི་ནགས་ཚལ་དང་རྩྭ་ཐང་། སྐྱེ་ཁམས་བཅས་ཀྱི་སྤྱི་ཕན་དོ་དམ་སྲུང་སྐྱོབ་ལས་གནས་ཁྲི14ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གཏེར་འདོན་དབང་ཆ་ཕྱིར་འཐེན་བྱས་པའི་མ་དངུལ་ཁག་གཅིག་གི་རྒྱབ་སྐྱོར་བྱེད་པ་ལས་གཞན། མཚོ་སྔོན་གྱི་དཔལ་འབྱོར་ཁ་གསབ་ཀྱི་གནོན་ཤུགས་སྔར་ལས་ཇེ་ཡང་དུ་གཏང་དགོས་ཟེར། 

བན་དེ་སྐྱབས་ཀྱིས་བསྒྱུར།