སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་འགོ་བརྩམས།
2020.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 71

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མི་སྟོང་གསུམ་ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་དང་དུ་བླངས་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་མཆོག་གྱུར་ལས་འགན་ལག་བསྟར་ནན་མོ་བྱས།

མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོམས་ཆེན་དུ་རྔམ་བརྗིད་དང་སྤྲོ་སྣང་གིས་ཁེངས་ཡོད་ལ། ཀྲུའུ་ཞིའི་སྟེགས་བུའི་རྒྱབ་རས་ཀྱི་དཀྱིལ་དུ་བཀལ་བའི་རྒྱལ་རྟགས་དེར་བཀྲག་མདངས་ལྡན་པའི་དར་དམར་གྱིས་བརྒྱན་ནས་གཟི་འོད་ལྷམ་མེར་འཚེར་བཞིན་ཡོད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་འགོ་འཛིན་མཛད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་དང་ཚའེ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པེན་ཞོན། ཨེ་ལེ་ཀུན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་དྲུག་ཡོད་པ་དང་། འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་གོ་བདུན་ཚེས་ཉེར་གཉིས་ཉིན་གྱི་ཚོགས་ཐོག་ཏུ་འབྱོར་ཞིང་། མི་ང་དགུ་ཚོགས་འདུར་ཞུགས་མ་ཐུབ་ལ། ཚོགས་འདུར་ཞུགས་པའི་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ལིས་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་མཛད་པ་དང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།

ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་འགོ་འཛིན་མཛད་སྐབས་གསུངས་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ་རང་རྒྱལ་དུ་བྱུང་བའི་མཆེད་ཚད་ཆེས་མགྱོགས་པ་དང་འགོས་རྒྱ་ཆེས་ཆེ་ལ། འགོག་སྡོམ་བྱེད་ཆེས་དཀའ་བའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞིག་ཡིན། རིམས་ནད་འགོག་རྒོལ་གྱི་འཐབ་འཛིང་དྲག་པོའི་ཁྲོད་དུ། སྨན་བཅོས་མི་སྣ་དང་ལས་བྱེད་ལས་བཟོ་པ། སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་སོགས་མི་སྐོར་ཞིག་གིས་ཀུན་གྱི་ཆེད་དུ་རང་སྲོག་བློས་བཏང་བ་དང་། ནད་པ་མང་པོ་ཚེ་ལས་འདས་ཡོད། ང་ཚོས་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་འདས་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་ཟེར།

དེའི་རྗེས་སུ་ཚོགས་འདུར་ཞུགས་པའི་མི་ཚང་མས་་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུས།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་དེ་ཉིས་སྟོང་བཅུ་དགུ་ལོ་དང་ད་ལོའི་བྱ་བའི་སྤྱི་སྡོམ་དང་། ད་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་དུས་རིམ་རྗེས་མའི་བྱ་བའི་སྤྱིའི་བཀོད་སྒྲིག ཆེ་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས་ཁེ་ལས་གཏན་འཇགས་དང་ལས་ཞུགས་འགན་སྲུང་ལ་འབད་བརྩོན་བྱེད་པ། བཅོས་སྒྱུར་ལ་བརྟེན་ནས་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་བསྐྱེད་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཇེ་ཆེར་གཏོང་བ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱས་ཏེ། ཞིང་ལས་ལ་ལོ་ལེགས་སྨིན་པ་དང་ཞིང་པའི་ཡོང་སྒོ་འཕར་བར་ཡར་སྐུལ་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྤེལ་ནས། ཕྱི་ཚོང་དང་ཕྱི་དངུལ་གཏན་འཇགས་སུ་གཏོང་བ། དམངས་ཚིས་ལ་འགན་སྲུང་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་ལས་དོན་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཁག་བརྒྱད་དུ་བགོས་ཡོད།

ལིས་ཁི་ཆང་གིས་གསུངས་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ་རང་རྒྱལ་དུ་བྱུང་བའི་མཆེད་ཚད་ཆེས་མགྱོགས་པ་དང་འགོས་རྒྱ་ཆེས་ཆེ་ལ། འགོག་སྡོམ་བྱེད་ཆེས་དཀའ་བའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་དང་རྒྱ་ཆའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་དང་བློས་གཏོང་ཕངས་མེད་བྱས་པ་བརྒྱུད་ནས། རིམས་ནད་འགོག་སྡོམ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེང་སྐབས་རིམས་ནད་ཡོངས་སུ་ཡལ་མེད་པ་དང་། འཕེལ་རྒྱས་ཀྱི་ལས་འགན་ལྷག་ཏུ་ལྕི་བས། རིམས་ནད་ཀྱིས་བཟོས་པའི་གྱོང་གུད་ཆེས་དམའ་བར་བྱས་ཏེ། འབད་བརྩོན་ཆེན་པོས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། དཔལ་འབྱོར་སྒྲིག་གཞི་དང་ས་ཁོངས་གྲུབ་ཚུལ་མུ་མཐུད་ཇེ་ལེགས་སུ་སོང་བ། སྒུལ་ནུས་གསར་པ་འཕེལ་རྒྱས་སུ་གཏོང་ཚད་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་བ། བཅོས་སྒྱུར་སྒོ་འབྱེད་ཐད་ནས་གོམ་སྟབས་གལ་ཆེན་སྤོས་པ། མཁྲེགས་གཏོར་གྱི་འཐབ་འཛིང་ཆེན་མོ་གསུམ་ཐད་ནས་གནད་འགག་གི་གོང་འཕེལ་བྱུང་བ། དམངས་ཚིས་སྔར་ལས་ལེགས་བཅོས་བྱས་པ་བཅས་ཀྱི་ཐད་ནས་ཉིས་སྟོང་བཅུ་དགུ་ལོ་དང་ད་ལོའི་བྱ་བར་སྤྱི་སྡོམ་མཛད། ཁོང་གིས་གསུངས་རྒྱུར། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་གིས་རིམས་ནད་འགོག་སྡོམ་དེ་དོན་དག་ཆེས་ཆེན་པོར་བརྩིས་ནད་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་གནང་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གི་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས། རིམས་ནད་འགོག་སྡོམ་ཁྲོད་དུ། ང་ཚོས་ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ཚན་རིག་འགོག་བཅོས། གནད་ཕིགས་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་ལྟར། བྱ་བ་སྣ་ཚོགས་དམ་པོར་རྣལ་མོར་ཞིབ་མོར་བཟུང་ཟེར།

ལིས་ཁི་ཆང་གིས་བསྟན་དོན། གྲུབ་འབྲས་ཁས་ལེན་པ་དང་མཉམ་དུ། གནས་པའི་དཀའ་ཁག་དང་གནད་དོན་ཡང་གསལ་པོར་ཤེས་དགོས་པས། ང་ཚོས་ངེས་པར་དུ་བྱ་བ་ཧུར་ཐག་གིས་ལེགས་བཅོས་དང་འགན་ནུས་དངོས་སུ་ལག་བསྟར། སེམས་ཤུགས་གང་ཡོད་འདོན་པ་བཅས་བྱས་ཏེ་མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་གཏོང་མི་རུང་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ། རང་རྒྱལ་གྱི་འཕེལ་རྒྱས་ཐད་སྔ་ན་མེད་པའི་ཉེན་ཁ་དང་འགྲན་རྩོད་ལ་འཕྲད་ཡོད་མོད། ཡིན་ནའང་ང་ཚོར་ཐུན་མིན་གྱི་ཆབ་སྲིད་དང་ལམ་ལུགས་ཀྱི་ཁྱད་སྟོབས་དང་། དཔལ་འབྱོར་གྱི་རྨང་གཞི་བརྟན་པོ། ཁྲོམ་རའི་སྦས་ཤུགས་ཆེན་པོ་ལྡན་ལ། མི་དམངས་དུང་ཕྱུར་འགའི་བརྩོན་སེམས་དང་བློ་གྲོས་ཡོད། འགྲན་རྩོད་ལ་གདོང་གཏད་དེ་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་བཏང་སྟེ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལ་སྲུང་སྐྱོབ་དང་དེ་བཀོལ་སྤྱོད་བཟང་པོ་བྱས་ན། དེང་སྐབས་ཀྱི་དཀའ་ངལ་ནས་ཐར་ཐུབ་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ངེས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱོགས་བསྡུས་སྒོས་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ། ང་ཚོས་རིམས་ནད་ཀྱི་སྔོན་ལ་བསམ་གཞིགས་བཏང་བའི་སྔོན་དཔག་དམིགས་འབེན་ལེགས་སྒྲིག་འོས་འཚམ་བྱས་ཡོད། ད་ལོར་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་འགན་སྲུང་དམིགས་བསལ་དུ་བརྩི་བ་དང་། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས། མཁར་གྲོང་གི་གསར་དུ་ལས་ཞུགས་བྱས་པའི་མི་ས་ཡ་དགུའི་ཡན་ལ་བསླེབ་པར་བྱེད་པ་དང་། མཁར་གྲོང་གི་རྟོག་ཞིབ་བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་དྲུག་ཡས་མས་དང་མཁར་གྲོང་གི་ཐོ་འགོད་བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡས་མས་སུ་ཚོད་འཛིན་བྱེད་དགོས། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་ཡས་མས་སུ་བསླེབ་པར་བྱེད་དགོས། ཕྱིར་གཏོང་ནང་འདྲེན་གྱི་བརྟན་བརླིང་ལ་ཡར་སྐུལ་དང་སྤུས་ཚད་མཐོར་འདེགས་བྱས་ཏེ། རྒྱལ་སྤྱིའི་ཡོང་སྒོ་དང་འགྲོ་སྒོ་ཕལ་ཆེར་དོ་མཉམ་པར་བྱེད་དགོས། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་ཕལ་ཆེར་གོམ་སྟབས་མཉམ་པར་བྱེད་དགོས། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཡོངས་རྫོགས་དབུལ་ཕོངས་ལས་ཐར་བར་བྱེད་པ་དང་། དབུལ་ཕོངས་རྫོང་ཡོངས་རྫོགས་ལ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དུ་འཇུག་དགོས། དངུལ་རྩའི་ཉེན་ཁ་ཆེན་པོར་ནུས་ལྡན་སྒོས་འགོག་སྡོམ་བྱེད་དགོས། ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ནུས་ཁུངས་ཟད་ཚད་དང་བཙོག་རྫས་གཙོ་བོ་ཕྱིར་འབུད་པའི་ཚད་མུ་མཐུད་ཇེ་དམའ་རུ་བཏང་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། འགན་སྲུང་དྲུག་ནི་ད་ལོའི་གཏན་འཇགས་དྲུག་གི་བྱ་བའི་ཤུགས་འདོན་ས་ཡིན། འགན་སྲུང་དྲུག་གི་མཐའ་ཚད་སྲུང་ཐུབ་ན། དཔལ་འབྱོར་ལ་གཞི་རྩའི་ཁ་ལོ་བསྒྱུར་ཐུབ་ཅིང་། འགན་སྲུང་གིས་གཏན་འཇགས་ལ་ཡར་སྐུལ་དང་གཏན་འཇགས་ཁྲོད་ནས་གོང་འཕེལ་བརྩོན་ལེན་བྱས་ན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ། ད་ལོའི་ཟླ་ལྔ་འདས་ཟིན་པ་དང་། ཤུལ་དུ་ལུས་པའི་ཟླ་འགའི་རིང་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དམ་འཛིན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་གྱིས་བཟང་པོར་བསྒྲུབ་དགོས། གཏན་ཁེལ་བྱེད་པའི་སྲིད་ཇུས་སྟོབས་དང་ལྡན་པར་དགོས་པར་མ་ཟད་རྒྱུན་སྲིང་རང་བཞིན་ལ་ཡང་བསམ་བློ་གཏོང་དགོས་ཤིང་། གནས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་ད་དུང་འཐུས་ཚང་དུ་བཏང་ཆོག། ང་ཚོས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་ཡིད་ཆེས་དང་ནུས་པ་ཡོད་ཟེར།

ལིས་ཁི་ཆང་གིས་ད་དུང་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་དང་། མི་རིགས་དང་ཆོས་ལུགས་ད་དུང་ཕྱིར་སྡོད་རང་མིའི་བྱ་བར་ཤུགས་སྣོན་པ་དང་། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། ད་དུང་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་ཐད་ནས་རྒྱས་བཤད་མཛད།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་དང་ཉིས་སྟོང་ཉི་ཤུ་ལོའི་འཆར་གཞིའི་འཆར་ཟིན། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཡོངས་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་ཆོད་དོན་འཆར་ཟིན་སྐོར་ནས་གསལ་བཤད་བྱས།

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་འགོ་ཁྲིད་ཁྲོད་དུ་ད་དུང་། ཏེན་ཞུའེ་ཞང་དང་ལིའུ་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚའེ་ཆི། ཡུག་ཆོན། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན། ཀྲང་ཆིན་ལིས། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་གུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིན། ཧི་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ད་དུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཙོ་ཁྲིན་དང་མེའོ་ཧྭ། ཀྲང་ཧྲིན་མེན་སོགས་ཡོད།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡེའོ་ཨི་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་བ་བཅས་ཚོགས་ཆེན་ཟུར་ཞུགས་དང་ཡང་ན་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་འགོ་བརྩམས།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་འགོ་བརྩམས།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་འགོ་བརྩམས།