ལིས་ཀྲན་ཧྲུའུ་ཅང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2020.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚེས་ཉེར་གཉིས་ཉིན་ཁོང་ཡོད་སའི་ཅང་ཞི་འཐུས་ཚབ་ཚོགས་པ་རུ་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

ལིས་ཀྲན་ཧྲུའུ་ཡིས་འཐུས་མིའི་གཏམ་བཤད་ལ་ཉན་པའི་ཞོར་དུ། ཚང་མ་དང་བརྗེ་རེས་གྲོས་སྡུར་བྱས། ཁོང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་རྐང་འཛུགས་པ་དང་ཕྱོགས་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འགྱུར་ལྡོག་ལ་སྣེ་ཁྲིད་བྱས་ནས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་གྲུབ་འབྲས་གསར་བ་བླངས། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་དཀའ་ངལ་ཁྱད་སེལ་བྱེད་པའི་ཁྲོད་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱས་ཡོད་པ་དང་། དེ་ནི་ལངས་ཕྱོགས་བརྟན་པ་དང་བརྗོད་དོན་འབུར་དུ་ཐོན་པ། དངོས་གཉེར་གྱི་སྙན་ཞུ་ཞིག་རེད། སྙན་ཞུ་ལ་འཐད་པ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་ཁེལ་བྱས་པའི་བྱེད་ཕྱོགས་སྲིད་ཇུས་ལྟར་ལག་བསྟར་དམ་འཛིན་བྱེད་པ། འཐབ་ཇུས་རང་རྟོན་དང་ངེས་པར་དུ་རྒྱལ་ཁ་ལེན་པའི་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ། རང་རྒྱལ་གྱི་དཔལ་འབྱོར་སྦས་ཤུགས་བཟང་བ་དང་མཉེན་ཆ་ཆེ་བ། བར་སྟོང་ཆེ་བ། སྲིད་ཇུས་ཡོ་བྱད་མང་བའི་གཞི་རྩའི་ཁྱད་ཆོས་མཐོང་ཐུབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་བཟང་བོར་སྤེལ་ནས། ད་ལོའི་དམིགས་འབེན་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་རྗེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ་དོན་དག་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་དང་དངོས་སུ་བཀོད་སྒྲིག་བྱས་ཏེ། ཝུའུ་ཧན་སྲུང་སྐྱོབ་གཡུལ་འགྱེད་དང་ཧུའུ་པེ་སྲུང་སྐྱོབ་གཡུལ་འགྱེད་ཐད་ནས་གཏན་ཁེལ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཐད་ནས་འཐབ་ཇུས་གྲུབ་འབྲས་བླངས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས། དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་གྱི་དགེ་མཚན་མངོན་གསལ་ཡང་བསྐྱར་མངོན་པར་བྱས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ཁྲིམས་འཛུགས་ལས་འགན་གལ་ཆེན་ཡིན་པས། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས་ཀྲུང་གོ་གསར་བའི་ཁྲིམས་གཞུང་དང་པོའི་གཞི་རྩའི་བཅའ་ཁྲིམས་ལ་གྲོས་ཞིབ་བཟང་བོ་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་རྩ་ཁྲིམས་དང་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་དང་མཐུན་ལ། ཞང་ཀང་གི་སྤུས་ཟླ་ནང་དུ་འདུ་བའི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཡང་ཐོབ་ངེས་ཟེར།

རིན་ཆེན་མཚོས་བསྒྱུར།