ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སུའི་ཉིང་རྡུལ་མཚོན་ཆ་ཚོད་འཛིན་གྱི་ཆིངས་ཡིག་ཁྲོད་ནས་ཕྱིར་འཐེན་བྱ་རྒྱུ་མིན་ཞེས་བཤད།
2020.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་ཉེར་གཅིག་ཉིན། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ལུའོ་པོ་ཐེ·ཨའོ་པུའུ་ལའེ་ཨེན་གྱིས་ངོས་འཛིན་བྱས་དོན། ཨུ་རུ་སུ་དང་མིང་རྟགས་བཀོད་པའི་ཕྱོགས་གཉིས་པོའི་ཉིང་རྡུལ་མཚོན་ཆ་ཚོད་འཛིན་ཆིངས་ཡིག་ནས་ཕྱིར་འཐེན་བྱེད་མི་སྲིད་པས། “ལྷག་བསམ་རྣམ་དག་གི་སྒོ་ནས་ཨུ་རུ་སུ་ཕྱོགས་དང་གྲོས་མོལ་བྱ་རྒྱུ་ཡིན”ཞེས་བཤད།

ཨོ་པུ་ལེ་ཨིན་གྱིས་ཉིན་དེར་ཨ་མེ་རི་ཁའི་ཧྥོས་ཁི་སི་གསར་འགྱུར་འཕྲིན་ལམ་ལ་བཤད་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས“སྟོབས་ཤུགས་ཧ་ཅང་ཆེ་བའི་གྲོས་མོལ་ཚོགས་པ”ཞིག་བཙུགས་ཏེ། ཨ་མེ་རི་ཁའི་གོ་མཚོན་ཚོད་འཛིན་གྱི་དམིགས་བསལ་འཐུས་མི་མ་ཞེར་·པི་ལིན་སི་ལིས་སྣེ་ཁྲིད་བྱས་པ་དང་། དཔོན་རིགས་གཞན་དག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲུང་པུའུ། ནུས་ཁུངས་པུའུ་བཅས་ནས་ཡོང་བ་རེད།

ཨ་མེ་རི་ཁ་དང་ཨུ་རུ་སུས2010ལོར《འཐབ་ཇུས་མཚོན་ཆ་གསར་པ་ཉུང་འཕྲིའི་ཆིངས་ཡིག》ལ་མིང་རྟགས་བཀོད་པ་རེད། དེ་ནི་མིག་སྔར་རྒྱལ་ཁབ་གཉིས་པོའི་དབར་སྔར་བཞིན་ནུས་པ་ལྡན་པའི་དམག་དོན་ཚོད་འཛིན་གྱི་ཆིངས་ཡིག་གཙོ་བོ་གཅིག་པུ་དེ་ཡིན་པ་དང་། སང་ལོའི་ཟླ་གཉིས་པར་དུས་བཀག་ལོན་རྒྱུ་རེད། ཨུ་རུ་སུ་ཕྱོགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་མ་བཟོས་པར་ཆིངས་ཡིག་དེའི་གོ་ཆོད་དུས་ཡུན་རིང་དུ་གཏོང་འདོད་ཡོད་ཅེས་ཐེངས་མང་བཤད་མོད། འོན་ཀྱང་ཨ་མེ་རི་ཁ་ཕྱོགས་ཀྱིས་དེ་སྔའི་བར་དུ་ལངས་ཕྱོགས་གསལ་བོ་བསྟན་མེད།

ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་བཅུ་དགུ་ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ཤེར་ཀེ·ལ་ཕུའུ་ལུའོ་ཕུའུ་ཡིས《འཐབ་ཇུས་གོ་མཚོན་གསར་པ་ཉུང་དུ་གཏོང་རྒྱུའི་ཆིངས་ཡིག》དུས་ཡུན་ལོ་ལྔའི་རིང་ཕྱིར་འགྱངས་རྒྱུའི་རེ་བ་ཡོད་ཅེས་བཤད།

ཨ་མེ་རི་ཁའི《འགོག་སྲུང་གསར་འགྱུར་》ཞེས་པའི་གཟའ་འཁོར་རེའི་དུས་དེབ་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོ། པི་ལིན་སི་ལིས་ཨ་མེ་རི་ཁའི་ཧ་ཏེ་སུན་ཞིབ་འཇུག་སུའོ་རུ་གཏམ་བཤད་སྤེལ་ཞིང་། དེའི་རིང་ཨ་མེ་རི་ཁ་དང་ཨུ་རུ་སུས་གོང་གསལ་ཆིངས་ཡིག་དེ་ཐོག་མའི་དུས་ཀྱི་ངོ་འཕྲད་གྲོས་མོལ་བྱེད་འགོ་ཚུགས་པ་གཏན་འཁེལ་བྱས་པ་རེད། ཁོང་དང་འབྲེལ་མཐུད་བྱས་པའི་ཨུ་རུ་སུ་ཕྱོགས་ཀྱི་གྲོས་མོལ་འགན་འཁུར་བ་ནི་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཤེར་ཀེ·ལི་ཡ་པུའུ་ཁོ་ཕུའུ་རེད། ཁོ་གཉིས་ཀྱིས་རིམས་ནད་གསར་པ་ཞི་ལྷོད་དུ་སོང་རྗེས་ངོ་ཐུག་གདོང་འཕྲད་ཀྱིས་སྐད་ཆ་ཤོད་རེས་བྱ་རྒྱུའི་མོས་མཐུན་བྱས་ཡོད་ཟེར།

པི་ལིན་སི་ལིས་བཤད་རྒྱུར། ང་ཚོར་ཐེངས་རྗེས་མའི་མཉམ་འགུལ་བརྗེ་རེས་ལ་བསམ་ཚུལ་ཞིབ་ཕྲ་ཡོད། མིག་སྔར་ཞིབ་ཕྲའི་གནས་ཚུལ་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད། ང་ཚོས་གྲོས་མོལ་བྱེད་ས་གཏན་འཁེལ་བྱས་ཟིན་པ་དང་། ཁ་པར་གཏོང་ལེན་གྱི་ཁྲོད་ནས་གྲོས་རིམ་མི་ཉུང་བ་ཞིག་གཏན་འབེབས་བྱས་ཡོད་ཟེར།

《འགོག་སྲུང་གསར་འགྱུར》གྱི་བཤད་ཚུལ་ལྟར་ན། ཨུ་རུ་སུ་ཕྱོགས་ཀྱིས་ཟླ་བ་གཅིག་གི་གོང་དུ་ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ཆིངས་ཡིག་འཇོག་རྒྱུར་མོས་མཐུན་བྱས་ཚེ། ཨུ་རུ་སུ་ཕྱོགས་ཀྱིས་གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་ཉིང་རྡུལ་མཚོན་ཆའི་སྒྲིག་ཆས་ཁག་གཅིག་གྲོས་མོལ་གྱི་ཁྱབ་ཁོངས་ནང་འཇུག་འདོད་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།