མཚོ་སྔོན་འཐུས་ཚབ་ཚོགས་པས་དམངས་དོན་ཁྲིམས་གཞུང་འཆར་ཟིན་ལ་གྲོས་ཞིབ་བྱས།
2020.05.25 ཁུངས། ཀློག་གྲངས། 16

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་མཁན་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་གྲོས་ཞིབ་བྱས། འཐུས་མི་ཝང་ཅན་ཅུན་དང་ལིའུ་ཉིང་། ཐིན་ཅཱ་ཚའེ། ཀྲང་ཀོང་རུང་སོགས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ཧྲིལ་པོར་མི་དམངས་ལྟེ་བར་འཛིན་པ་དང་མི་དམངས་བླ་ན་མཐོ་བའི་ཁྲིམས་འཛུགས་ཀྱི་ཐོག་མའི་བསམ་འདུན་གྱིས་ཁྱབ་ཡོད་ལ། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དུས་བསྟུན་མདུན་སྐྱོད་ཀྱི་ཁྲིམས་འཛུགས་གཤིས་རྒྱུད་གང་ལེགས་མཚོན་ཡོད། དེ་ནི་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའི་ཁྲིམས་སྐྱོང་གི་འགན་སྲུང་ཡིན་པར་མ་ཟད། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་དང་། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་སྟངས་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་གཞི་རྟེན་གལ་ཆེན་ཞིག་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། འཆར་ཟིན་གྱི་གསལ་བཤད་ལ་རྦད་དེ་མོས་མཐུན་ཡོད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་སྣེ་ཁྲིད་ཡག་པོ་བྱ་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲིམས་སྐྱོང་ལག་ལེན་ནང་ཧུར་ཐག་སྒོས་ཞུགས་པ་དང་། མི་དམངས་ལ་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། ཁྲིམས་སྐྱོང་གི་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། བྱ་བ་སྒྲུབ་སྐབས་སྒྲིག་ལམ་ལ་མཐོང་ཆེན་བྱེད་པ། མི་ཚུལ་ལྡན་ཞིག་བྱེད་པ་བཅས་བྱེད་དགོས། སེམས་གཏིང་ནས་བཅའ་ཁྲིམས་ཀྱི་རང་རྟོགས་དང་བཅའ་ཁྲིམས་ཀྱི་ངོས་འཛིན། བཅའ་ཁྲིམས་ལག་བསྟར་བཅས་ཀྱི་ཐོག་ནས་བཅའ་ཁྲིམས་ལ་གོང་བཀུར་བྱེད་རྒྱུ་དང་། ཁྲིམས་སྦྱོང་དང་ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་སྤྱི་ཚོགས་ཡོངས་སུ་དར་སྲོལ་ཆགས་པར་བྱེད་དགོས་ཟེར།

ལིའུ་ཉིང་གིས་བཤད་རྒྱུར། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ལས་འགན་དང་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ ཏང་ཀྲུང་དབྱང་གིས་བཏོན་པའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། དམངས་དོན་ཁྲིམས་གཞུང་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ དགོངས་པ་ལག་བསྟར་གཏིང་ཟབ་ཏེ། དུས་རབས་གསར་པའི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཡི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་དམིགས་བཙུགས་ནས། ཏང་གི་འདོད་ཚུལ་ལག་བསྟར་དང་རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ། མི་དམངས་ཀྱི་འདོད་བློ་མངོན་པར་མཚོན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མཚོན་པ་དང་། དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་བཅས་མངོན་ཡོད། དེས་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་སྲུང་འཛིན་བྱས་ཡོད་ལ། མིག་རྒྱང་རིང་བོའི་རང་བཞིན་དང་སྒོ་འབྱེད་རང་བཞིན་འོས་འཚམ་ཡང་སྲུང་འཛིན་བྱས་ཡོད། དེ་ལ་སྒྲིག་གཞི་ཚན་རིག་དང་མཐུན་པ། གྲུབ་ཚུལ་གཟབ་ནན་ཡིན་པ། ཚད་ལྡན་ལུགས་མཐུན། ནང་དོན་མཐུན་སྦྱོར་བཅས་ཀྱི་ཁྱད་ཆོས་ལྡན། དེས་རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཆུ་ཚད་གསར་པ་དང་མཐོ་ཚད་གསར་པར་སླེབས་པ་མཚོན་པས། དུས་རབས་གསར་པའི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་ངེས་ཡིན་པས་ན། ང་རང་རྦད་དེ་མོས་མཐུན་ཡོད། དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་རྗེས་ང་ཚོས་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་དང་ལག་ལེན་མཐར་ཕྱིན་དམ་འཛིན་བྱ་རྒྱུ་ཡིན། ཁྲིམས་སྐྱོང་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་མཐོ་རུ་གཏོང་བ། ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱས་པ་དེས་ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་པས་ང་རང་རྦད་དེ་མོས་མཐུན་ཡོད།གཅིག་ནི་དེ་ཏག་ཏག་སྐབས་དང་འཁེལ་ཡོད། དུས་རབས་གསར་པའི་འདུ་ཤེས་གསར་པའི་འོག ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་མི་དམངས་ཀྱི་དགོས་མཁོ་གསར་པར་ཨ་ལན་ཁ་གསལ་བཏབ་ནས་རྩོམ་སྒྲིག་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས་ཡོད། གཉིས་ནི་དེར་དོན་སྙིང་གལ་ཆེན་ལྡན་ཡོད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བའི་མཚོན་ཚུལ་དངོས་ཡིན། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་ཆེ་རུ་འགྲོ་ངེས་རེད། གསུམ་ནི་ ཁྲིམས་བཟང་སྐྱོང་མཁས་བྱེད་དགོས། དམངས་དོན་ཁྲིམས་གཞུང་གི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པས་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཡོད། སྲིད་འཛིན་ཁྲིམས་འཛིན་སྡེ་ཁག་གིས་སྣེ་ཁྲིད་དེ་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་དང་། སྙིང་སྟོབས་གསར་པ་ཁོང་དུ་ཆུད་པ། གཏན་འབེབས་གསར་པ་ལག་བསྟར་བྱས་ནས། ལག་བསྟར་བྱ་རྒྱུར་ཕན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཧུར་ཐག་ངང་བསྐྲུན་ནས། དྲང་སྙོམས་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱེད་དགོས། བཞི་ནི་ལྟ་སྐུལ་ལག་བསྟར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ལྟ་སྐུལ་དེ་འཇུག་སྒོར་བརྩིས་ཏེ། སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་དགོས། རྒྱུན་གཏན་གྱི་ལྟ་སྐུལ་དང་དཔེ་མཚོན་གྱི་གྱོད་གཞི་ཞིབ་གཅོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

ཀྲང་ཀོང་རུང་གིས་བཤད་རྒྱུར། དམངས་དོན་ཁྲིམས་གཞུང་འཆར་ཟིན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་དམངས་དོན་ཁྲིམས་འཛུགས་ཀྱི་ལག་ལེན་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད། སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སུ་མི་དམངས་མང་ཚོགས་ཀྱི་འགྱུར་ལྡོག་གསར་པ་དང་གནད་དོན་གསར་པ། དགོས་མཁོ་གསར་པར་ཨ་ལན་ཁ་གསལ་བཏབ་པས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པ། མི་དམངས་ཀྱི་འདོད་བློ་མཚོན་པས་ང་རྦད་དེ་མོས་མཐུན་ཡོད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཡར་རྒྱས་གལ་ཆེན་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་སྔར་ལས་ལེགས་པ་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཆབ་སྲིད་ཀྱི་དོན་སྙིང་དང་ཁྲིམས་སྐྱོང་གི་དོན་སྙིང་། དམངས་གཙོའི་དོན་སྙིང་། སྤྱི་ཚོགས་ཀྱི་དོན་སྙིང་བཅས་གལ་ཆེན་ལྡན་ཡོད། བཅའ་ཁྲིམས་བཏོན་རྗེས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱ་རྒྱུ་ཡིན་ཟེར།

དེ་མིན་ད་དུང་འཐུས་མི་གཞན་གྱིས་ཀྱང་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།