ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྱིས་འཐུས་མི་དང་ཨུ་ཡོན་དག་དང་མཉམ་དུ་རྒྱལ་ཡོངས་དམངས་ཆེན་གྱི་ཞང་ཀང་དང་འབྲེལ་བའི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་མཛད།
2020.05.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་ཁབ་འཚོ་སྡོད་འཕེལ་རྒྱས་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་དགོངས་པ་གཙོ་བོ་ཡིན། བསྟུད་མར་ཉིན་འགའི་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྱིས་སོ་སོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་འཐུས་ཚབ་ཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་ཚན་ཁག་ནས་འཐུས་མི་དང་ཨུ་ཡོན་ཚོ་དང་མཉམ་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་དང་གྲོས་བསྡུར་བྱས། 

ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་རིམ་པ་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལས་སྲུང་སྐྱོབ་བྱེད་པའི་་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་ནི་ཞང་ཀང་གི་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཀྱི་ཆད་སྐྱོན་ཁ་གསབ་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་ཡིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཏན་འཇགས་ཡུན་རིང་ལ་འགན་སྲུང་བྱེད་པའི་རྩ་བའི་ཐབས་ཇུས་ཡིན། དེ་ལས་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སེམས་ཤུགས་བརྟན་པོ་དང་ཆོད་སེམས་བརྟན་པོ་མངོན་པར་མཚོན་པ་དང་། ཀྲུང་དབྱང་གིས་ཞང་ཀང་གི་སྤྱིའི་ཁེ་ཕན་དང་ཞང་ཀང་སྤུན་ཟླའི་གཞི་རྩའི་བདེ་སྐྱིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་སེམས་ཁུར་ཆེན་པོ་བྱེད་པ་མངོན་པར་མཚོན་ཡོད། དེར་དོན་སྙིང་གལ་ཆེན་ལྡན་པ་དང་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད་པ་ཁོ་ཐག་ཡིན་ཟེར། 

གྲོས་ཞིབ་དང་གྲོས་བསྡུར་ལ་ཞུགས་སྐབས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་དག་གིས་ཀྲུང་དབྱང་བྱ་སྤྱོད་ཀྱི་དགོས་གལ་རང་བཞིན་དང་གལ་ཆེན་རང་བཞིན། ལུགས་བདེན་རང་བཞིན། ཁྲིམས་མཐུན་རང་བཞིན་བཅས་རྒྱས་བཤད་ཟབ་མོ་བྱས་པ་དང་། ཆེ་ཕྱོགས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་དབྱང་གི་བྱ་སྤྱོད་དེའི་དོན་སྙིང་གལ་ཆེན་དང་སྤྱིའི་རེ་བ་གསལ་བོར་བསྟན་པར་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་འགན་སྲུང་བྱེད་པ་དེ་གཉིས་གཞི་རྩའི་སྟེང་ནས་གཅིག་འདྲ་ཡིན་པ་ནན་བཤད་བྱས། 

འཐུས་མི་དང་ཨུ་ཡོན་དག་གིས་ནན་ཏན་གྱིས་གྲོས་ཞིབ་དང་གྲོས་བསྡུར་ཟབ་མོ་བྱས་ཏེ། ཐུན་མོང་གི་ལྟ་ཚུལ་སྔར་ལས་གཅིག་འདྲིལ་བྱུང་བ་དང་སེམས་འདུན་སྔར་ལས་བརྟན་པོར་གྱུར་ཡོད། ཚང་མས་གཅིག་གྱུར་སྒོས་བལྟས་ན། ཀྲུང་དབྱང་གི་བྱ་སྤྱོད་དེ་དྲང་བདེན་ལུགས་མཐུན་ཡིན་པ་དང་ངེས་པར་དུ་དལ་འགོར་མེད་པར་ལག་བསྟར་བྱེད་དགོས་པ་ཡིན། ཧུར་ཐག་སྒོས་འགུལ་སྐྱོད་སྤེལ་ནས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ཞང་ཀང་གི་དར་རྒྱས་གཏན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པར་འདོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།