ཀྲང་ཀོང་རོང་དང་པད་རྒྱལ་བཀྲ་ཤིས་གཉིས་ཀྱིས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭགས་གཙང་དྲོད་འདོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།
2020.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གྲང་ངར་ཆེ་བས།  དྲོད་འདོན་ནི་དམངས་ཚིས་དགོས་མཁོ་གལ་ཆེན་ཞིག་ཡིན། རང་བྱུང་ཆ་རྐྱེན་དང་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཀྱི་ཤུགས་རྐྱེན་ཐེབས་འོག  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བར་སྔར་བཞིན་དཀའ་ཁག་ཆེ་བ་དང་དྲོད་འདོན་སྒྲིག་ཆས་རྗེས་ལུས་ཡིན་པར་དམིགས་ནས། མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཀྲང་ཀོང་རོང་དང་པད་རྒྱལ་བཀྲ་ཤིས་གཉིས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭགས་གཙང་དྲོད་འདོན་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། རང་བྱུང་ཆ་རྐྱེན་གྱི་བཀག་རྒྱ་ཐེབས་རྐྱེན། དུས་ཡུན་རིང་བོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྫོང་ཁུལ་དུ་གྲངས་འབོར་ཉུང་བའི་ཐུན་མོང་དྲོད་འདོན་སྒྲིག་ཆས་ཡོད་པ་མ་གཏོགས། མང་ཚོགས་མང་ཤས་ཀྱིས་སྔར་བཞིན་སྲོལ་རྒྱུན་ཨོང་བ་དང་རྡོ་སོལ་ཉུང་ཙམ་ལ་བརྟེན་ནས་དྲོད་འདོན་བྱེད་བཞིན་ཡོད། མང་ཚོགས་ཀྱི་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལའང་ཕན་པ་མེད། མིག་སྔའི་གནས་ཚུལ་འོག  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གློག་བཀོལ་དྲོད་འདོན་ཤུགས་ཆེར་ཁྱབ་བརྡལ་དུ་གཏོང་བ་ནི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཕན་འབྲས་ལྡན་པའི་བྱེད་ཐབས་ཉག་ཅིག་ཡིན། དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭགས་གཙང་དྲོད་འདོན་ཇུས་གཞི་ཞིག་སྒྲིག་བཀོད་བྱེད་ཀྱིན་ཡོད་ནའང་། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་མེད་པ་དང་ས་གནས་ཀྱི་ནོར་ཤུགས་ཞན་པས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་གལ་འགངས་ཧ་ཅང་ཆེ་ཟེར།

ཀྲང་ཀོང་རོང་དང་པད་རྒྱལ་བཀྲ་ཤིས་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་དེ་བྱང་ཕྱོགས་ས་ཁུལ་གྱི་དགུན་ཁའི་དྭགས་གཙང་དྲོད་འདོན་ཚོད་ལྟའི་ཁྱབ་ཁོངས་ནང་བཞག་སྟེ། དེ་འབྲེལ་རྗེས་མཐུད་ཀྱི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་ཐོབ་པའི་ཁྱབ་ཁོངས་ནང་ཚུད་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭགས་གཙང་དྲོད་འདོན་ལས་གཞིར་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་རྒྱུ་དང་། སྡོད་དམངས་ཀྱིས་གློག་བཀོལ་དྲོད་འདོན་བྱེད་པར་ཁ་གསབ་རོགས་དངུལ་སྟེར་རྒྱུ་སོགས་ཀྱི་གྲོས་གཞི་བཏོན།