སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2020.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་འགོད་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་ཀྱི་གྲོས་ཆོད་འཆར་ཟིན་དང་དམངས་དོན་ཁྲིམས་གཞུང་འཆར་ཟིན་བཟོ་བཅོས་མ་ཡིག་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་འཐུས་ཚབ་ཚོགས་པ་སོ་སོར་ཕུལ་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོ་དང་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ནན་ཏན་སྒོས་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞུའུ་ཧྲའོ་ཧྲི་ཡིས་གྲོས་ཚོགས་ལ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲི་ཡའོ་པེན་གྱིས་གྲོས་ཚོགས་ལ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྐོར་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུ་ཕུལ། ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་སྙན་ཞུ་གཉིས་ལ་གྲོས་འཆམ་བྱུང་།

ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོ་དང་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ། སྔོན་རྩིས་འཆར་ཟིན་བཅས་ལ་ནན་ཏན་སྒོས་ཞིབ་བཤེར་བྱས། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོ་དང་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ནན་ཏན་སྒོས་དམངས་དོན་ཁྲིམས་གཞུང་ལ་གྲོས་ཞིབ་བྱས། ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་ནན་ཏན་སྒོས་གྲོས་ཞིབ་བྱས།