མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་འབྲེལ་ཡོད་ཞིང་ལྗོངས་ཀྱི་སྲིད་གྲོས་ཀྲུའུ་ཞིས་མཉམ་འབྲེལ་སྒོས་གྲོས་གཞི་གསུམ་བཏོན་ནས་འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་འདོན་ཇུས་འབུལ་བྱས།
2020.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

འབྲི་ཆུ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོང་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འབྲེལ་ཡོད་ཞིང་ལྗོངས་ཀྱི་སྲིད་གྲོས་ཀྲུའུ་ཞི་དང་མཉམ་དུ་ཚོགས་ཆེན་ལ་འབྲི་ཆུའི་འབབ་རྒྱུད་དུ་མཉམ་འབྲེལ་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་མྱུར་དུ་འཛུགས་རྒྱུ་དང་། རྨ་ཆུའི་རྒྱུད་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་རྒྱུ། ལྷོ་ཆུ་བྱང་འདྲེན་གྱི་ནུབ་ལམ་བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་བཅས་ཀྱི་གྲོས་གཞི་བཏོན།

སི་ཁྲོན་དང་མཚོ་སྔོན། བོད་ལྗོངས། ཡུན་ནན། ཁྲུང་ཆིན། ཀོས་ཀྲིག་བཅས་ཞིང་ལྗོངས་དྲག་གི་སྲིད་གྲོས་ཀྱི་ཀྲུའུ་ཞིས་མཉམ་འབྲེལ་སྒོས་འབྲི་ཆུའི་འབབ་རྒྱུད་དུ་མཉམ་འབྲེལ་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་གྲོས་གཞི་བཏོན་ནས། འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ཚོད་ལྟའི་ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་རིམ་པ་ནས་མ་ལག་ཚང་ཞིང་ཚན་རིག་དང་མཐུན་པའི་འབྲི་ཆུའི་འབབ་རྒྱུད་ཀྱི་མཉམ་འབྲེལ་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱེད་རྒྱུ་དང་། ཕྱོགས་མང་པོས་ཁ་གསབ་མ་དངུལ་བསྡུས་ནས། འབབ་རྒྱུད་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་སོ་སོ་དང་ཁེ་ཕན་ཐོབ་པའི་ལས་རིགས་དང་ཁེ་ལས་གཙོ་བོས་མཉམ་དུ་མ་དངུལ་བཏང་ནས་ཆེད་སྤྱོད་ཐེབས་རྩ་འཛུགས་རྒྱུ། སྣེ་མང་ཅན་དང་ཁྲོམ་ར་ཅན་གྱི་ཁ་གསབ་བྱེད་ཐབས་རྒྱ་བསྐྱེད་ནས། སྐྱེ་ཁམས་ཀྱི་ཁེ་ཕན་ཐོབ་པའི་ས་ཁུལ་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ས་ཁུལ་གྱིས་མ་དངུལ་ཁ་གསབ་དང་ཐོན་ལས་སྤོ་བསྒྱུར། གླིང་ཁུལ་མཉམ་འཛུགས་སོགས་ཀྱི་ཐབས་ལ་བརྟེན་ནས་སྣེ་མང་ཅན་གྱི་མཉམ་འབྲེལ་ཁ་གསབ་འབྲེལ་བ་འཛུགས་རྒྱུ་སོགས་ཀྱི་གྲོས་གཞི་བཏོན།

ཧྲན་ཏུང་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག ཧྲན་ཞི། ཧི་ནན། ཡུན་ནན་བཅས་ཞིང་ལྗོངས་དགུའི་སྲིད་གྲོས་ཀྱི་ཀྲུའུ་ཞིས་མཉམ་དུ་རྨ་ཆུའི་རྒྱུད་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པའི་སྐོར་གྱི་གྲོས་གཞི་བཏོན་ནས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། རྨ་ཆུའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔྱད་གཞི་ཆེན་པོར་ཞིབ་འཇུག་བྱས་ཏེ། རྨ་ཆུའི་རྒྱུད་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དམིགས་ཇུས་འགོད་སྒྲིག་བཟོ་བྱེད་རྒྱུ་དང་། རྒྱལ་ཁབ་རིམ་པས་རྨ་ཆུའི་རིག་གནས་ཡུལ་སྐོར་མཉམ་ལས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཏེ། མཉམ་འབྲེལ་དང་གཅིག་གྱུར་སྒོས་མཉམ་འགུལ་བྱེད་པར་ཤུགས་སྣོན་རྒྱུ། སྲིད་ཇུས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། རྨ་ཆུའི་རྒྱུད་དུ་སྐྱེ་ཁམས་ཁ་གསབ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་སོགས་ཀྱི་གྲོས་གཞི་བཏོན།

ཉིང་ཞ་དང་མཚོ་སྔོན། ཧྲན་ཞི། ཞིན་ཅང་། ནང་སོག་བཅས་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱི་ཀྲུའུ་ཞིས་མཉམ་དུ་ལྷོ་ཆུ་བྱང་འདྲེན་གྱི་ནུབ་ལམ་བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན་ནས། ལྷོ་ཆུ་བྱང་འདྲེན་གྱི་ནུབ་ལམ་བཟོ་སྐྲུན་གྱི་འཛུགས་སྐྲུན་དེ་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་དང་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ཁྲོད་བཞག་སྟེ། བཟོ་སྐྲུན་ལག་བསྟར་གྱི་ཞིབ་འཇུག་སྙན་ཞུ་མྱུར་དུ་བྲིས་ནས། འཛུགས་སྐྲུན་སྔ་མོ་ནས་འགོ་བརྩམ་དགོས། འབབ་རྒྱུད་ཀྱི་ཐོན་ལས་འཕེལ་རྒྱས་གནས་བབ་ལ་གཞིགས་ནས། ནུབ་བྱང་ས་ཁུལ་གྱི་ནུས་ཁུངས་ཅན་གྱི་རྫས་འགྱུར་བཟོ་ལས་ཀྱི་ཆུ་བཀོལ་དམིགས་ཚད་ཇེ་མཐོར་བཏང་སྟེ། ཆུ་བེད་སྒྲིག་ཆས་ཆེ་གྲས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུའི་གྲོས་གཞི་བཏོན།