ཨུ་ཡོན་མཱ་ཀྲི་ཝེ་ཡིས་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།
2020.05.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

རྨ་ཆུར་སྲུང་སྐྱོབ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཡིན་རིང་འཕེལ་རྒྱས་སུ་གཏོང་བར་འབྲེལ་བ་ཡོད་པའི་ཇུས་གཞི་ཆེན་པོ་ཡིན་ལ། མཚོ་སྔོན་དེ་རྨ་ཆུའི་འགོ་ཁུངས་ཡིན་པའི་ལྡོག་ཐབས་མེད་པའི་འགན་འཁྲི་ཡིན། དུས་ཡུན་རིང་བོར། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། སྔ་གཞུག་ཏུ་བཟོ་སྐྲུན་ཆེན་པོ་སྐོར་ཞིག་ལག་བསྟར་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་འགྱུར་བའི་གནས་བབ་ཇེ་ལེགས་སུ་སོང་ནས། ཆུ་བོའི་བཞུར་རྒྱུན་མི་ཆད་པར་ཁག་ཐེག་བྱེད་པའི་ཐད་འབད་འཐབ་ལྷོད་མེད། དེར་བརྟེན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཱ་ཀྲི་ཝེ་ཡིས། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུ་བོའི་རྒྱུན་མི་ཆད་པར་ཁག་ཐེག་བྱེད་རྒྱུའི་གྲོས་གཞི་བཏོན།

མཱ་ཀྲི་ཝེ་ཡིས་མུ་མཐུད་དུ་སྐྱེ་ཁམས་སླར་གསོ་བཟོ་སྐྲུན་ཆེན་པོ་ལག་བསྟར་བྱས་ནས། རྨ་ཆུའི་འགོ་ཁུངས་ས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ཇེ་བཙོག་ཏུ་འགྲོ་བ་དང་ལུང་ཤུར་དང་གྲོག་རོང་མང་བའི་ས་ཁུངས་སུ་ཁྱབ་ཁོངས་ངེས་ཅན་གྱི་ལོགས་བཀར་ཁུལ་བཙུགས་ནས། རྨ་ཆའི་འགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་རྒྱུན་མཐུད་རང་བཞིན་དང་ཡུན་ཕན་རང་བཞིན་ལ་ཁག་ཐེག་བྱེད་རྒྱུའི་གྲོས་གཞི་བཏོན།