མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།
2020.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ཞིང་ཕྱུགས་ལས་ཡུན་རིང་འཕེལ་རྒྱས་སུ་སོང་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་པུའུ་དང་ཞིང་ཆེན་གྱིས་མཉམ་དུ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན་པ་དང་། དེར་ཞིང་ལས་ཞིང་སྡེ་པུའུ་ཡི་རྒྱབ་སྐྱོར་ཆེན་པོ་ཐོབ། མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ན། ཞིང་སྡེ་དར་སྤེལ་ལག་བསྟར་བྱེད་པ་དང་ལྗང་མདོག་མཁོ་འདོན་ནུས་པ་མཐོར་འདེགས་གཏོང་བ། ཐོན་ཁུངས་བེད་སྤྱོད་སྔར་ལས་ཕན་མཐོ་བ། ཞིང་ཕྱུགས་ལས་ཚད་གཞི་མ་ལག་འཛུགས་སྐྲུན་བྱེད་པ། མཚོ་སྔོན་རྟགས་ཅན་གྱི་ཚོང་རྟགས་གསར་སྐྲུན་བྱེད་པ་བཅས་ཀྱི་ཕན་པ་ཆེན་པོ་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་འགོ་བཟང་བོ་བརྩམས་པ་དང་བྱེད་ཐབས་ཤུགས་ཡོད་ལ། ཁྱད་ཆོས་འབུར་ཐོན་ཡིན་པ་དང་། ཐོག་མའི་གྲུབ་འབྲས་བཟང་བོ་བླངས། ཡིན་ན་ཡང་སྤྱི་ཁོག་ནས་བལྟས་ན། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་འགན་གསར་བ་དང་གྲངས་ཚད་མང་ལ། དུས་ཡུན་ཐུང་བ་དང་། བྱེ་བྲག་གི་བྱ་བ་ལག་བསྟར་བྱེད་པའི་ཁྲོད་ད་དུང་ཡུན་ཕན་རྐྱེན་སྲོལ་མ་བཙུགས་པ་དང་། ཚོང་རྟགས་འཛུགས་སྐྲུན་ཅུང་རྗེས་སུ་ལུས་པ། ཚོང་གཉེར་མ་ལག་འཛུགས་སྐྲུན་ད་དུང་ཇེ་ལེགས་གཏོང་དགོས་པ། འཁོར་སྐྱོད་འཕེལ་རྒྱས་ཐད་ནས་ད་དུང་ཤུགས་སྣོན་དགོས་པ་སོགས་ཀྱི་འབུར་ཐོན་གནས་ཟེར།

འཐུས་ཚབ་ཚོགས་པས། ཁོངས་ཡོངས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འབྲེལ་ཡོད་འཆར་འགོད་དང་རྒྱལ་ཁབ་ཀྱི་ཆེད་དོན་རྒྱབ་སྐྱོར་ཁྱབ་ཁོངས་འཇོག་པ་དང་། རྒྱལ་ཁབ་ཀྱི་རི་དྭགས་དང་སྐྱེ་དངོས་ཐད་ཀྱི་སྲུང་སྐྱོབ་བྱེད་ཐད་མཐོར་འདེགས་གཏོང་བ་དང་ཞིང་ལས་ཐོན་རྫས་ཀྱི་དངོས་ཟོག་མ་ལག་འཛུགས་སྐྲུན། ཚན་རྩལ་གསར་གཏོད་ནུས་པ་དང་ཆ་རྐྱེན་འཛུགས་སྐྲུན་སོགས་ཐད་རྒྱབ་སྐྱོར་ཆེན་པོ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཆེད་སྤྱོད་སྤོ་བསྒྱུར་དངུལ་སྟེར་ཚད་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་བོད་ལུག་དང་ནས། སྐེ་ཚེ། འཕང་འབྲས་སོགས་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་དགེ་མཚན་ཐོན་རྫས་ཐོན་ལས་འདུ་ཚོགས་དང་རྫོང་ཁོངས་དེང་རབས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།