འཐུས་མི་པད་རྒྱལ་བཀྲ་ཤིས་དང་མིན་ཧེ། ཨ་ཧྲིན་ཆིན་བཅས་ཀྱིས་མཚོ་སྔོན་གྱི་བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།
2020.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

མཚོ་སྔོན་རྒྱལ་ཁབ་བདེ་འཇགས་ལྕགས་རི་གལ་ཆེན་དང་སྐྱེ་ཁམས་རྩོལ་ནུས་ཁུལ་ཡིན་པའི་ཆ་ནས། བྱེ་འགྱུར་ཅན་འགོག་བཅོས་ཀྱི་འགན་འཁྲི་ཧ་ཅང་ལྕི། ཡིན་ན་ཡང། མིག་སྔར་ཞིང་ཆེན་ཡོངས་ཀྱི་ས་ཞིང་བྱེ་འགྱུར་གྱི་གནད་དོན་ད་དུང་སྔར་བཞིན་འབུར་ཐོན་ཡིན། དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་པད་རྒྱལ་བཀྲ་ཤིས་དང་མིན་ཧེ། ཨ་ཧྲིན་ཆིན་བཅས་ཀྱིས་མཚོ་སྔོན་གྱི་བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུ་བོའི་བཞུར་རྒྱུན་མི་ཆད་པར་ཁག་ཐེག་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱར། མཚོ་སྔོན་གྱ་བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ། རྒྱལ་ཁབ་སྐྱེ་ཁམས་འཐབ་ཇུས་དང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ། ལྷག་པར་དུ་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བྱང་གསུམ་འགོག་སྲུང་ནགས་ཚལ་དང་རང་བྱུང་ནགས་སྲུང་སྐྱོབ། རྨོ་བསྐྱུར་ནགས་སྐྱོང་དང་ཕྱུགས་བསྐྱུར་རྩྭ་འདེབས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཆི་ལེན་རི་བོ་སོགས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ནས། ཧུར་ཐག་གིས་བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ན་ཡང་། ད་དུང་དངུལ་གཏོང་ཚད་མི་འདང་བ་དང་ཆེད་དོན་བཟོ་སྐྲུན་དཀོན་པ། ལག་རྩལ་ཞིབ་འཇུག་ཁྱབ་གདལ་ཆུ་ཚད་དམའ་བ། རྨང་གཞིའི་དཔུང་སྡེ་སྟོབས་ཤུགས་ཞན་པ་སོགས་ཀྱི་འབུར་ཐོན་གནད་དོན་གནས། ས་ཞིང་བྱེ་འགྱུར་ནི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་བཀག་འགོག་བྱེད་པའི་འགྲན་རྩོད་ཆེན་པོ་ཡིན་ལ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ། འཚོ་གནས་ལ་གནོད་པ་ཆེན་པོ་བྱེད་ཀྱིན་ཡོད། བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་དང་། མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་པའི་བྱེད་ཐབས་གལ་ཆེན། སྤུས་ལེགས་འཚོ་བ་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཡང་ཡིན་ཟེར།

འཐུས་མི་པད་རྒྱལ་བཀྲ་ཤིས་དང་མིན་ཧེ། ཨ་ཧྲིན་ཆིན་བཅས་ཀྱིས། རྒྱལ་ཁབ་ཀྱིས་བཟོ་སྐྲུན་གལ་ཆེན་བཀོད་སྒྲིག་བྱེད་སྐབས་བྱེ་བཅོས་ནགས་སྐྲུན་ཐད་ཀྱི་དངུལ་གཏོང་ཚད་གཞི་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚྭ་འདམ་གཞོང་མུའུ་ས་ཡའི་བྱེ་འགོག་བྱེ་བཅོས་ནགས་ཚལ་རྟེན་གཞི་དང་ཚྭ་རྔ་འགག་སྐོར་བའི་མུའུ་ས་ཡའི་ཆུ་ས་སྲིང་འཛིན་ནགས་ཚལ་རྟེན་གཞིའི་ལས་གཞི་གཉིས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་མ་ཟད། ཁུལ་ཁོངས་རང་བཞིན་གྱི་བྱེ་འགོག་བྱེ་བཅོས་ཆེད་དོན་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ས་ཞིང་བཅོས་སྐྱོང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། བྱེ་མའི་ཐོན་ལས་ལ་དངུལ་གཏོང་རྒྱབ་སྐྱོར་བྱེད་ཤུགས་གཏོང་བ་བཅས་བྱེད་རྒྱུའི་གྲོས་གཞི་བཏོན།