ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཉིས་པ་བསྡུས།
2020.05.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 28

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། དམངས་དོན་ཁྲིམས་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། རྨང་གཞི་བརྟན་པ་དང་སྔོན་རྩིས་གཏན་འཇགས་ཡིན་ལ། རྒྱང་རིང་ལ་ཕན་པའི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བ། མི་དམངས་སྙིང་བོར་བཟུང་བའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་ཁྲིམས་ལྟར་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། རང་རྒྱལ་གྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ཏང་ཡོངས་ཀྱིས་དམངས་དོན་ཁྲིམས་གཞུང་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་ལ་འགན་སྲུང་གང་ལེགས་བྱེད་དགོས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་དམངས་ཁྲིམས་ཁང་གི་ཀྲུའུ་རིན། ཀྲུང་གོའི་ཁྲིམས་རིག་ཚོགས་པའི་སྲིད་འཛིན་ཁྲིམས་རིག་ཞིབ་འཇུག་ཁང་གི་ཚོགས་གཙོ་གཞོན་པ་བློ་མཐུན་ཧོང་ཝེ་ཡིས་གནད་དོན་དེར་འགྲེལ་བརྗོད་བྱས་པ་དང་། བསམ་འཆར་དང་གྲོས་གཞི་བཏོན། 

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་གྱི་ཁྲིམས་གཞུང་གི་མིང་དུ་བཏགས་པའི་བཅའ་ཁྲིམས་ཐོག་མ་ཡིན་ལ། དུས་རབས་གསར་བའི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཞིག་རེད། ཐེངས་འདིའི་ཐུན་མོང་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་དམངས་དོན་ཁྲིམས་གཞུང་ཁྱབ་སྒྲོག་བྱས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་དོན་ཁྲིམས་གཞུང་ལས་མ་ལག་ལྡན་པའི་སྒོ་ནས་ཀྲུང་གོ་གསར་བའི་ལོ་ངོ་བདུན་ཅུ་ལྷག་རིང་གི་དུས་ཡུན་རིང་བོའི་ལག་ལེན་ལས་གྲུབ་པའི་དམངས་དོན་བཅའ་ཁྲིམས་ལེགས་སྒྲིག་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ལྔ་ལྷག་གི་ཕུལ་བྱུང་བཅའ་ཁྲིམས་རིག་གནས་བསྡུ་ལེན་བྱས་ཡོད་ལ། མིའི་རིགས་ཀྱི་ཁྲིམས་སྐྱོང་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་བཟང་བོ་དཔྱད་གཞིར་བཟུང་ཡོད་ཅིང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མཚོན་ཡོད་པ་དང་མི་དམངས་ཀྱི་ཁེ་ཕན་དང་རེ་བར་འཚམ་ལ། དུས་རབས་འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པའི་དམངས་དོན་ཁྲིམས་གཞུང་ཞིག་ཡིན་པ་དང་། ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས། ཉོ་ཚོང་སྟབས་བདེ། འཚོ་བ་བདེ་སྐྱིད། མི་གཤིས་ལ་རྒྱ་བཅས་མཚོན་ཡོད་པའི་ཕྱོགས་སོ་སོའི་འགྲོ་མིའི་ཐོབ་ཐང་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་པའི་དམངས་དོན་ཁྲིམས་གཞུང་ཞིག་ཡིན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་དང་ལག་ལེན་ཁྱད་ཆོས། དུས་རབས་ཁྱད་ཆོས་བཅས་མངོན་པར་གསལ་བའི་དམངས་དོན་ཁྲིམས་གཞུང་ཞིག་ཀྱང་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། དམངས་དོན་ཁྲིམས་གཞུང་གི་དོན་སྙིང་གལ་ཆེན་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱས་ཏེ། དམངས་དོན་ཁྲིམས་གཞུང་ལག་བསྟར་གང་ལེགས་བྱེད་པ་ནི་མི་དམངས་དཀྱིལ་སྙིང་དུ་བྱེད་པ་རྒྱུན་འཁྱོངས་དང་མི་དམངས་ཀྱི་ཁེ་དབང་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་པའི་འཕེལ་རྒྱས་ཀྱི་དགོས་ངེས་རེ་བ་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ། ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཆུ་ཚད་ཇེ་མཐོར་གཏོང་བའི་དགོས་ངེས་ཀྱི་རེ་བའང་ཡིན། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་ཆུ་ཚད་དང་ཕན་འབྲས་ནི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་དུ་བསྟར་བར་ཚད་འཇལ་བྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ལས་ཁུངས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པ་དང་འགན་དབང་ལག་བསྟར་བྱེད་པར་རང་སྟེང་གི་བྱ་སྤྱོད་དང་བྱ་འགུལ་གྱི་ཁྱབ་ཁོངས་དང་ཁྱད་པར་གསལ་བོར་ཤེས་དགོས། རིམ་པ་སོ་སོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་བྱ་བ་སྤེལ་སྐབས་དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་ལ་བསམ་བློ་གཏོང་དགོས་པ་ལས་མི་དམངས་མང་ཚོགས་ལ་ལྡན་པའི་ཁྲིམས་མཐུན་དམངས་དོན་ཁེ་དབང་སྟེ་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་ལ་གནོད་པ་སྐྱེལ་མི་རུང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། དམངས་དོན་ཁྲིམས་གཞུང་དང་འབྲེལ་བའི་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་སྒོས། རྒྱུན་ཆད་མེད་པར་ལག་ལེན་ཉམས་མྱོང་ལ་སྤྱི་བསྡོམས་བྱས་ནས། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁྲིམས་འཛིན་འགྲེལ་བརྗོད་ལ་བཟོ་བཅོས་བྱས་ནས་འཐུས་ཚང་དུ་གཏོང་དགོས། བཅའ་ཁྲིམས་ཀྱི་འགྲེལ་བརྗོད་ནུས་པ་འདོན་སྤེལ་བྱས་ཏེ་དུས་ལྟར་བཅའ་ཁྲིམས་གཏན་འཁེལ་གྱི་ནང་དོན་དང་བཅའ་ཁྲིམས་ཀྱི་ཁུངས་ལུང་གསལ་བོ་བྱས་ནས། དམངས་དོན་ཁྲིམས་གཞུང་གི་གཏན་འཇགས་རང་བཞིན་དང་འོས་འཚམ་རང་བཞིན་གཅིག་གྱུར་ཡོང་བར་སྲུང་འཛིན་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཁེ་ཕན་འབྲེལ་བ་སྣ་ཚོགས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། དམངས་དོན་ཁྲིམས་གཞུང་དེ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་གནད་དོན་གསར་བ་རེ་འགར་འཕྲད་སྲིད་པ་ཁོ་ཐག་ཡིན། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་ལག་རྩལ་འཕེལ་རྒྱས་གོང་འཕེལ་གྱི་དགོས་མཁོ་གསར་བར་འཚམ་པར་བྱས་ནས། ལག་ལེན་གསར་བའི་རྨང་གཞིའི་སྟེང་དམངས་དོན་ཁྲིམས་གཞུང་དེ་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་དོན་ཁྲིམས་གཞུང་དེ་ལག་བསྟར་གང་ལེགས་བྱེད་དགོས་ན་ངེས་པར་དུ་དམངས་དོན་ཁྲིམས་གཞུང་དེ་མང་ཚོགས་ཀྱི་སེམས་སུ་འབྱོར་བར་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་དོན་དངོས་ལ་རྐང་བཙུགས་ནས། དམངས་དོན་ཁྲིམས་གཞུང་ལམ་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མངོན་པར་མཚོན་ཡོད་ལ་ཀྲུང་གོའི་ཁྱད་ཆོས་དང་ལག་ལེན་ཁྱད་ཆོས། དུས་རབས་ཁྱད་ཆོས་བཅས་མངོན་གསལ་ལྡན་པའི་དམངས་ཁྲིམས་གཞུང་ལུགས་མ་ལག་མྱུར་དུ་བཙུགས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་དམངས་ཁྲིམས་བསྟན་བཅོས་ལག་བསྟར་དང་རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་འཕེལ་རྒྱས་སུ་གཏོང་བར་གཞུང་ལུགས་ཀྱི་རྒྱབ་བརྟེན་འདོན་སྤྲོད་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་དྲིལ་སྒྲོག་བྱེད་པ་དང་། སྐུལ་འདེད་གཏོང་བ། དམངས་ཁྲིམས་བསྟན་བཅོས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ། ཞིབ་བཤེར་དང་ལྟ་རྟོག་ལ་ཤུགས་སྣོན་པ། དམངས་དོན་ཁྲིམས་གཞུང་དེ་ཕྱོགས་ཡོངས་ནས་ཕན་ནུས་ལྡན་པར་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་དང་བརྩི་སྲུང་། སྲུང་སྐྱོབ་བཅས་བྱེད་པའི་མིག་དཔེ་བསྟན་ནས། དམངས་དོན་ཁྲིམས་གཞུང་བཀོལ་ནས་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་འགལ་བ་ཞི་འཇགས་སུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་གསུངས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།