དབྱང་ཧྥུན་ཁྲུན་གྱིས་ཟི་ལིང་འགག་སྒོ་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་བྱས།
2020.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་5བའི་ཚེས་27ཉིན།  ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་ཟི་ལིང་འགག་སྒོ་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་བྱས་པ་དང་། ཁོ་སྔ་རྗེས་སུ་ནུབ་མཚོའི་འགག་སྒོ་དང་། ཚའོ་ཅཱ་པའོ་གནམ་ཐང་T1མཁའ་འགྲུལ་ས་ཚིགས་ཐོག་ཁང་། ཚའོ་ཅཱ་པའོ་ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས། ཟི་ལིང་འགག་སྒོའི་ལོ་རྒྱུས་ཁང་བཅས་སུ་སོང་ནས་འགག་སྒོ་སྒྲོལ་བའི་བྱ་བའི་བརྒྱུད་རིམ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་འགོག་སྲུང་དང་མངའ་ཁོངས་ནས་ཕྱོ་འགྲོ་ནང་ཡོང་བྱེད་པའི་ཡུལ་སྐོར་ཞིབ་བཤེར་བྱ་བའི་སྐོར་ཞིབ་འདྲི་དང་ཁྲལ་མེད་ཟོག་འགྲེམས་ལྟེ་གནས་འཁོར་སྐྱོད་དང་འགག་སྒོའི་ལྟ་སྐུལ་དོ་དམ་བྱ་བར་རྒྱུས་ལོན་བྱས།

དབྱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། འགག་སྒོ་ལས་ཁུངས་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྒེའུ་ཁུང་དང་། རྒྱལ་སྒོ་སྲུང་བའི་བློ་དཀར་སྲུང་དམག ཕྱིར་དམིགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། “རྒྱུད་གཅིག་ལམ་གཅིག”སྦྲེལ་མཐུད་ཞབས་ཞུ། སྒོ་འབྱེད་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་དགོས། སྒྱུར་བཅོས་གསར་གཏོད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཁོར་ཡུག་སྔར་ལས་རྒྱ་བསྐྱེད་དགོས། བློ་ཁོག་ཆེན་པོས་བསམ་བློ་བཅིངས་འགྲོལ་དང་གོ་སྐབས་དམ་འཛིན་བྱེད་པ་དང་། བབ་བསྟུན་ངང་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱས་ཏེ་མཚོ་སྔོན་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་རེ་ཞུ་དང་ཟི་ལིང་དང་མཚོ་ཤར་གྱི་རྒྱལ་མཚམས་བརྒལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། རང་འགུལ་ངང་བྱས་རྗེས་འཇོག་པ་དང་གནད་སྨིན་ཇུས་འདོན་བྱས་ཏེ་ད་ཡོད་ཀྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། ཕྱི་ཕྱོགས་ཉོ་ཚོང་གི་མ་འཇོག་ཁེ་ལས་ཀྱི“གཅིག་གཏད་གཅིག”གི་ཞབས་ཞུར་ཤུགས་བསྣན་ནས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། འགན་འཁྲི་འཁུར་ཕོད་པ་དང་། སྙིང་སྟོབས་ཆེར་བསྐྱེད་པ། རང་འགུལ་ངང་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་གསར་སྐྲུན་བྱས་ཏེ་མཚོ་སྔོན་གྱི་སྒོ་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།

ཤ་བོ་གསེར་མཚོས་སྒྱུར།