ཀའོ་ཧྭ་ཡིས་མཚོ་ལྷོ་ཁུལ་གྱི་དམངས་ཆེན་བྱ་བར་རྟོག་ཞིབ་བྱས།
2020.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་དྲུག་པའི་ཚེས་གཉིས་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་དམངས་ཆེན་བྱ་བ་དངོས་འབེབས་ལོའི་བྱ་འགུལ་ལ་ལྟ་སྐུལ་མཛུབ་སྟོན་གནང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་བྱི་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྲོལ་ཡིག་ཁྲིམས་འཛུགས་བྱ་བར་བརྟག་དཔྱད་ཞིབ་འཇུག་གནང་།

ཀའོ་ཧྭ་ཡིས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་རིམས་ནད་སྔོག་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཐད་འཐབ་ཇུས་གྲུབ་འབྲས་གལ་ཆེན་བླངས་པའི་དམིགས་བསལ་དུས་སྐབས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། དོན་སྙིང་གཏིང་ཟབ་ཅིང་སྤྱིར་བཏང་མ་ཡིན་པ་ཞིག་རེད། ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་འཐུས་ཚབ་ཚོགས་པར་སྤེལ་བའི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་དེས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱེད་པར་གཅིག་གྱུར་འཆར་འགོད་བྱས་པ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད་ཟེར།

ཀའོ་ཧྭ་ཡིས་ནན་གྱིས་བསྟན་དོན།  མཚོ་ལྷོ་ཁུལ་གྱི་རིམ་པ་ཁག་གི་དམངས་ཆེན་གྱིས་ད་ལྟ་སྤེལ་བཞིན་པའི་དམངས་ཆེན་བྱ་བ་དངོས་འབེབས་ལོའི་བྱ་འགུལ་དང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཞང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་ལོའི་བྱ་འགུལ་དང་དམ་དུ་སྦྲེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་གནང་བའི་གསུངས་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་། ཁྲིམས་ལྟར་ལས་འགན་སྒྲུབ་པའི་ནུས་པ་དང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས་ལ། སྔར་ལས་ལྷག་པར་དམངས་ཆེན་བྱ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམ་དུ་སྦྲེལ་ནས།ཁྲིམས་འཛུགས་དང་ལྟ་སྐུལ་དོ་དམ། འཐུས་མིའི་བྱ་བ་སོགས་རིམ་པ་ཁག་གིས་མཉམ་དུ་ཤུགས་བཏོན་ནས། ཁུལ་ཁོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་ཞབས་ཞུ་ལེགས་པོ་སྒྲུབ་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།ནན་ཏན་སྒོས་བྱི་ནད་སོགས་གལ་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་སོགས་སྤྱི་སྡོམ་བྱས་ནས། ལུགས་མཐུན་རང་བཞིན་གྱི་བསམ་ཚུལ་གྲོས་གཞི་བཏོན་ནས། རང་ཞིང་གིས་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་ཚད་ཤུགས་དྲག་ཏུ་གཏོང་དགོས་ཟེར།

རྟོག་ཞིབ་གནང་སྐབས། རྟོག་ཞིབ་ཚན་ཁག་གིས་ད་དུང་མཚོ་ལྷོ་ཁུལ་གྱིས་སློབ་སྔོན་སློབ་གསོའི་དགེ་རྒན་ལས་བཟོ་བར་ལས་ཀ་འདྲ་མཉམ་ལ་ཐོབ་ཆ་འདྲ་མཉམ་བྱེད་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ཀྱི་བྱ་བའི་སྙན་ཞུར་ཉན།