ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2020.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དྲུག་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱ་རྒྱུའི་དོན་སྙིང་གལ་ཆེན་གསལ་བཤད་གཏིང་ཟབ་གནང་ཡོད་ཅིང་། བླང་བྱ་གལ་ཆེན་བཏོན་ནས་དམངས་དོན་ཁྲིམས་གཞུང་ལག་བསྟར་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས།ཁྲིམས་སྐྱོང་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དམངས་དོན་ཁྲིམས་གཞུང་གི་ལག་བསྟར་ཆུ་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ།དམངས་དོན་ཁྲིམས་གཞུང་ནུས་ལྡན་ངང་ལག་བསྟར་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ནས།ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་པ་དང་དེར་བཟོ་བཅོས་རྒྱག་པ། མེད་པར་བཟོ་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས། ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་དང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་གཏོང་དགོས།དམངས་དོན་ཁྲིམས་གཞུང་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་ཁྲིམས་ལུགས་ཁྱབ་གདལ་ལས་ཀའི་གཙོ་གནད་དུ་བཟུང་སྟེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་དགོས། དམངས་ཡོངས་ཀྱིས་བཅའ་ཁྲིམས་ལ་བརྩི་བཀུར་དང་ཁྲིམས་ལུགས་སློབ་སྦྱོང་། ཁྲིམས་ལུགས་བརྩི་སྲུང་། ཁྲིམས་ལུགས་བེད་སྤྱོད་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས། དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་གམ་དུ་སྐྱོད་པ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་ཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག《སྲིད་གཞུང་བྱ་བའི་སྙན་ཞུའི》གཙོ་གནད་ལས་འགན་ཁག་བགོས་གཏན་འཁེལ་བྱས་ཏེ། སྲིད་ཇུས་དང་ལས་དོན་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུར་བཀོད་སྒྲིག་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་ནང་གཏན་འབེབས་བྱས་པའི་ལས་འགན་ལ་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་བཏང་སྟེ། “བརྟན་འཇགས་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ནས།སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་གྱི་བསམ་གཞིགས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་མཁས་པ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་བྱེད་ནུས་སྔར་ལས་འདོན་སྤེལ་བྱ་དགོས། མིག་སྔའི་གནས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་ལ་ཚོད་དཔག་གང་ལེགས་བྱ་དགོས། འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་འཛིན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་འབྲེལ་མཐུད་ཧུར་ཐག་བྱ་དགོས། གཙོ་གནད་ལས་འགན་ཁག་འབྲེལ་མཐུད་ཡག་པོ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། ལས་དོན་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་ཟེར།

གྲོས་ཚོགས་ལས་ད་དུང《དུས་རབས་གསར་པའི་ནང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཅེས་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

ཏང་ཙུའི་ཁོངས་མི་ཡན་ཅིན་ཧའེ། ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཀྲང་ལིས། དབྱང་ཀྲི་ཝུན། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།