ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་གི་གོ་སྐབས་གསར་འཚོལ་དང་རྣམ་པ་གསར་བསྐྲུན་གྱིས་འཛམ་གླིང་ཡོངས་ཀྱི་ཐོན་ལས་དང་མཁོ་འདོན་མུ་འབྲེལ་ཅན་གྱི་གཏན་འཇགས་ལ་དྲང་ཕྱོགས་ཀྱི་ནུས་ཚད་རྒྱས་པར་བྱས། 
2020.06.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 82

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་རྒྱ་བསྐྱེད་པ་དང་ཚོང་རའི་ཟབ་ཞུགས་ཚད་གཞི་རྒྱ་བསྐྱེད་པ་དང་། བསྟུད་མར་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས་ཤིང་ནང་འདྲེན་རྒྱ་བསྐྱེད་པར་མ་ཟད། ཕྱི་ཕྱོགས་དངུལ་གཏོང་རྒྱ་བསྐྱེད་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་གཏན་འཇགས་ཐད་བྱས་རྗེས་འཇོག་དགོས་ཟེར། འཛམ་གླིང་ཡོངས་ཀྱི་དངོས་ཟོང་ཉོ་ཚོང་གི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་སྲིད་ཇུས་བྱེད་ཐབས་བཏོན་ནས་ཕྱི་ཕྱོགས་ཉོ་ཚོང་གི་རྨང་གཞི་བརྟན་པོ་ཡོང་བར་བྱས་པ་དང་། ཞོར་དུ་འཛམ་གླིང་ཡོངས་ཀྱི་ཐོན་ལས་མུ་འབྲེལ་ཅན་དང་མཁོ་འདོན་མུ་འབྲེལ་ཐད་དྲང་ཕྱོགས་ཀྱི་ནུས་ཚད་རྒྱས་པར་བྱས་ཡོད། 

རིམས་ནད་ཆེས་ཚབས་ཆེ་བའི་སྐབས་སུའང་ཁྲང་ཧྲ་ཡིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མེ་འཁོར་གཏོང་མཚམས་བཞག་མེད། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མེ་འཁོར་ལ་བརྟེན་ནས་ཀྲུང་གོས་ཐོན་སྐྱེད་བྱས་པའི་ལྗིད་འདེགས་འཁོར་ལོ་དག་བསྟུད་མར་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ཤར་ལྷོ་ས་ཁུལ། དབུས་ཤར་སོགས་ཀྱི་རྒྱལ་ཁབ་མང་བོར་ཕྱིར་གཏོང་བྱས་ཏེ། ས་དེ་དག་གི་རླུང་གློག་དང་སྣུམ་ཞིང་གི་ལས་གཞིའི་འཛུགས་སྐྲུན་ཁྲོད་ཞུགས་ཡོད། ཁེ་ལས་ཀྱི་ཕྱི་ཕྱོགས་ཀྱི་མངག་ཉོའི་རྩིས་ཐོ་ད་ལོའི་དུས་ཚིགས་བཞི་བའི་བར་བཀོད་སྒྲིག་བྱས་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། མིག་སྔར་ཀྲུང་གོ་དང་ཡོ་རོབ་གླིང་གི་བར་གྱི་མེ་འཁོར་གཏོང་ཐེངས་རིམ་རྩིས་ཀྱིས་ཁྲི་གཉིས་དང་སྟོང་གཅིག་ལས་བརྒལ་བ་དང་། ཡོ་རོབ་གླིང་གི་སྐམ་སའི་རྒྱལ་ཁབ་བཅོ་བརྒྱད་ཀྱི་གྲོང་ཁྱེར་ང་བདུན་ལ་སྦྲེལ་ཡོད། དེ་ནི་འཛམ་གླིང་ཉོ་ཚོང་དངོས་རྒྱུན་གྱི་སྐྱེལ་འདྲེན་རྒྱུ་ལམ་གཙོ་བོ་ཞིག་ཡིན་པ་རེད། 

ཕྱི་ཕྱོགས་ཉོ་ཚོང་གཏན་འཇགས་སླར་གསོ་བྱས་པའི་ཞོར་དུ་ཀྲུང་གོས་རྒྱལ་སྤྱིའི་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གྱི་གཏན་འཇགས་ཐད་བྱས་རྗེས་འཇོག་བཞིན་ཡོད། ཡོ་རོབ་གླིང་གི་རིམས་ནད་གནས་ཚུལ་རིམ་བཞིན་ཞི་འཇགས་སུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་བདེ་འཇགས་འགྲུལ་བཞུད་ཀྱི་དགོས་མཁོ་སྔར་ལས་ཇེ་མང་དུ་སོང་ཡོད་པ་དང་། ཀྲུང་གོས་ཐོན་སྐྱེད་བྱས་པའི་ལྕགས་རྟ་དང་གློག་སྒུལ་འཕྲུལ་རྟ་དེ་ཡོ་རོབ་གླིང་གི་མི་མང་བོ་འགྲུལ་བཞུད་བྱེད་པའི་ཡོ་བྱད་གཙོ་བོར་གྱུར་ཡོད།

རྒྱལ་སྤྱིའི་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གཏན་འཇགས་སུ་བཏང་བའི་ཞོར་དུ། ཀྲུང་གོས་ནང་འདྲེན་རྒྱ་བསྐྱེད་དེ་རྒྱལ་སྤྱིའི་ཚོང་རའི་དགོས་མཁོ་གཏན་འཇགས་ཡོང་བར་བྱས་པ་དང་། ཀྲུང་གགོའི་དཔལ་འབྱོར་གྱི་ནང་མཁོ་སླར་གསོ་བྱུང་བ་དེས་ཀྱང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་སྒུལ་ཤུགས་གསར་བ་བསྣན་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།