མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རི་སྐྱེས་རི་དྭགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཅིག་དང་གཏན་ཁེལ་གཉིས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ།
2020.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་འགོ་ཁྲིད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་སོང་ནས་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ་དང་། ཉན་པ་དང་བལྟ་བ། གྲོས་སྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རི་སྐྱེས་རི་དྭགས་སྲུང་སྐྱོབ་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རི་སྐྱེས་རི་དྭགས་ཀྱི་ཁྲིམས་འགལ་ཉོ་ཚོང་ལ་ཁྱོན་ཡོངས་ནས་བཀག་འགོག་བྱེད་པ་དང་། རི་སྐྱེས་རི་དྭགས་ཀྱི་ཤ་ཟ་བའི་སྲོལ་ངན་མེད་པར་བཟོ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་ཁེལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རི་སྐྱེས་རི་དྭགས་ཁྲིམས་འགལ་རྔོན་འཛིན་དང་ཉོ་ཚོང་། ཤ་ཟ་བར་བཀག་འགོག་བྱེད་པའི་སྐོར་གྱི་གཏན་ཁེལ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་ལིག་ཐུང་ཏི་གཉིས་ཁྲིམས་འཛིན་ཞིབ་བཤེར་ལ་ཞུགས།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། རི་སྐྱེས་རི་དྭགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཅིག་དང་གཏན་ཁེལ་གཉིས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན། ཞིང་ཆེན་ཏང་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མཐོ་ཚད་ནས། བསམ་བློ་གཅིག་གྱུར་བྱེད་པ་དང་ལངས་གནས་མཐོར་འདེགས་གཏོང་བ་དང་། རི་སྐྱེས་རི་དྭགས་སྲུང་སྐྱོབ་བྱ་བ་བརྟན་བརླིང་ངང་བསྒྲུབ་དགོས། རྣམ་པ་མང་པོ་སྤྱད་དེ་བཅའ་ཁྲིམས་གཅིག་དང་གཏན་ཁེལ་གཉིས་དྲིལ་སྒྲོག་ནན་མོ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཤེས་རྟོགས་ཚད་མཐོར་འདེགས་གཏོང་བ། རང་བྱུང་ལ་གཅེས་སྤྲས་བྱེད་པ་དང་རང་བྱུང་ལ་གཅེས་སྤྲས་བྱེད་པ། རང་བྱུང་ལ་བརྩི་བཀུར་བྱེད་པ། རང་བྱུང་གཞིར་འཛིན་པའི་སྣང་ཚུལ་དར་སྲོལ་གྲུབ་པར་བྱས་ཏེ། མི་དང་རང་བྱུང་གི་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་རྣམ་པར་བརྟེན་ནས་གནས་ཚུལ་གསར་བ་ཞིབ་འཇུག་བྱེད་པ་དང་གནད་དོན་གསར་བ་ཐག་བཅད་དེ། བཅའ་ཁྲིམས་གཅིག་དང་གཏན་ཁེལ་གཉིས་ཡང་དག་པ་དང་ཕན་པ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ལོ་ཙྭ་བ།རིན་ཆེན་མཚོ།