མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་ནད་རིགས་འགོག་བཅོས་ཆེད་དོན་ལོ་གསུམ་མཁྲེགས་གཏོར་སྦྱོར་དངོས་བྱ་བའི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་གྲོས་ཚོགས་མིན་ཧི་རྫོང་ནས་བསྡུས།
2020.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་ནད་རིགས་འགོག་བཅོས་ཆེད་དོན་ལོ་གསུམ་གྱི་མཁྲེགས་གཏོར་སྦྱོར་དངོས་བྱ་བའི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་གྲོས་ཚོགས་མིན་ཧི་རྫོང་ནས་བསྡུས་ཤིང་། ཚོགས་ཐོག་ནས་ལས་ཀའི་ཉམས་མྱོང་སྤེལ་རེས་བྱས་ནས་མཁྲེགས་གཏོར་སྦྱོར་དངོས་ཀྱི་མཇུག་མཐའི་གདོང་མཆོང་གི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། ས་གནས་ཀྱི་ནད་རིགས་འགོག་བཅོས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་མངོན་འགྱུར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། དེ་མིན་ད་དུང་བདེ་ཐང་དབུལ་ཐར་མཁྲེགས་གཏོར་ལ་རོགས་རམ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད། ད་ལོ་ནི་ལོ་གསུམ་གྱི་མཁྲེགས་གཏོར་སྦྱོར་དངོས་བྱ་བའི་མཇུག་བསྡུའི་ལོ་ཞིག་ཡིན། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ས་གནས་ཀྱི་ནད་རིགས་འགོག་བཅོས་ལས་ཀའི་གལ་ཆེན་རང་བཞིན་དང་དགོས་གཏུག་ཆེ་བའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ས་གནས་ནད་རིགས་འགོག་བཅོས་ཀྱི་ཆེད་དོན་ལོ་གསུམ་གྱི་མཁྲེགས་གཏོར་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ། མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་མཉམ་སྒྲུབ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་དང་། འགྲིལ་ཤུགས་ཆེན་པོ་ཆགས་པར་བྱ་དགོས། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་ཐབས་ཇུས་བྱེད་ཤུགས་ཆེ་རུ་གཏོང་དགོས། ནད་གཞི་འབྱུང་རྐྱེན་ཚོད་འཛིན་བྱ་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས། བཟའ་ཚྭ་ཏེན་སྣོན་སོགས་འགོག་བཅོས་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ས་གནས་ནད་ཀྱི་འབྱུང་རྩ་མེད་པར་བཟོ་བ། བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་དང་ཚན་རྩལ་མཁྲེགས་གཏོར་ལ་བརྟེན་ཏེ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་ཤུགས་ཆེན་བྱས་ནས། ས་གནས་ཀྱི་ནད་རིགས་ལ་དུས་ཐོག་ནས་སྨན་བཅོས་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ས་གནས་ཀྱི་ནད་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ལ་སྐྱོན་བྲལ་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་པར་ཁྲིད་སྟོན་བྱ་དགོས། རོང་འབྲོག་ཁུལ་གྱི་མང་ཚོགས་རྣམས་ཀྱི་ཚན་རིག་དང་མི་མཐུན་པ་དང་ཚུལ་དང་མི་མཐུན་པ། སྐྱོན་ཅན་བཅས་ཀྱི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུ་མ་བསྡུས་པའི་སྔོན་ལ། ཚོགས་ཞུགས་འཐུས་མིས་མིན་ཧི་རྫོང་གི་ས་གནས་ནད་རིགས་འགོག་བཅོས་ལས་དོན་སྤེལ་ཚུལ་ལ་ལྟ་སྦྱོང་དང་སློབ་སྦྱོང་བྱས་པ་རེད།

ལོ་ཙྭ་བ།།བན་དེ་སྐྱབས།