ལིས་ཁི་ཆང་ཀོང་ཀྲིག་ཚོང་རྫས་དྲ་ཐོག་བརྗེ་རེས་ཚོགས་འདུ་སྐབས་བརྒྱ་དང་ཉེར་བདུན་པ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།
2020.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་ནས་ཀོང་ཀྲིག་ཚོང་རྫས་དྲ་ཐོག་བརྗེ་རེས་ཚོགས་འདུ་སྐབས་བརྒྱ་དང་ཉེར་བདུན་པ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས། སྐབས་འདིའི་ཀོང་ཀྲིག་ཚོང་རྫས་བརྗེ་རེས་ཚོགས་འདུའི་གསར་སྐྲུན་རྣམ་པ་དེ་དྲ་ཐོག་ནས་བསྡུས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཁྲི་གཉིས་དང་སྟོང་དྲུག་གི་ཚོང་རྫས་འགྲེམ་སྟོན་ལ་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ལིས་ཁི་ཆང་གིས་ཀོང་ཀྲིག་ཚོང་རྫས་བརྗེ་རེས་ཚོགས་འདུ་འགོ་བརྩམས་པ་ཁྱབ་སྒྲོག་བྱས་ཤིང་། དེར་མཐུད་ནས་དྲ་ཐོག་གི་འགྲེམ་སྟོན་ཁང་ལ་སྐོར་ཞིབ་བྱས།

ཀི་ལེ་གློག་ཆས་འགྲེམ་སྟོན་ཁང་དུ་ཁེ་ལས་ཀྱི་འགན་འཁུར་བས་དྲ་ཐོག་ནས་ཚོང་རྫས་སྣ་ཚོགས་འགྲེམ་སྟོན་བྱེད་ཐུབ་པར་གཟེངས་བསྟོད་བྱས། ལིས་ཁི་ཆང་གིས་བསྟན་དོན། གནད་འགག་དུས་སྐབས་སུ་ཀོང་ཀྲིག་ཚོང་རྫས་བརྗེ་རེས་ཚོགས་འདུ་བསྡུ་རྒྱུ་རྒྱུན་འཁྱོངས་བྱས་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོས་སྒོ་འབྱེད་རྒྱ་བསྐྱེད་པ་དང་ཧུར་ཐག་སྒོས་རྒྱལ་སྤྱིའི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱེད་རྒྱུ་དེ་ཡིན་ཟེར། ཁོང་གིས་ཁེ་ལས་ཀྱིས་མུ་མཐུད་དུ་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་སྟོབས་ལྡན་གྱི་འགྲན་རྩོད་ནུས་ཤུགས་མཚོན་པར་བྱེད་པ་དང་སྔར་ལས་བཟང་བའི་གྲུབ་འབྲས་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་།

ལིས་ཁི་ཆང་གིས་གསུངས་དོན། ད་ལོའི་ལོ་སྨད་ལ་ཕྱི་ཕྱོགས་ཁོར་ཡུག་སྔར་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཏན་ཏན་ཏིག་ཏིག་སྒོས་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཧུར་ཐག་སྒོས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་དངུལ་བསྡུའི་གཞི་རྩའི་བསམ་བཀོད་བརྟན་འཇགས་སུ་བཏང་ནས། ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭ་ཡིས་ཚོགས་འདུ་འགོ་བརྩམས་པའི་མཛད་སྒོར་འགོ་འཛིན་བྱས་པ་དང་། ལིས་ཞི་དང་ཞོ་ཅེ། ཧི་ལིས་ཧྥིན་བཅས་མཛད་སྒོར་ཞུགས།

                                                                                                          ལོ་ཙཱ་བ། བཀྲ་ཤིས་འབུམ།