ཁོང་ཡུང་གིས་མཚོ་ཟས་ཤ་རིགས་ཚོང་རའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས།
2020.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་ཟི་ལིང་གི་མཚོ་ཟས་དང་ཤ་རིགས་ཚོང་རའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྣམ་གཡེང་གི་བསམ་བློ་ཁྱད་སེལ་བྱེད་པ་དང་། དོགས་ཟོན་མཐོར་འདེགས་གཏོང་བ། མཚོ་ཟས་དང་ཤ་རིགས་ཚོང་རའི་ཕན་ཡོད་དོ་དམ་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཁོང་ཡུང་སྔ་གཞུག་ཏུ་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་ཚོང་གཉེར་ལྟེ་གནས་དང་འགྲིམ་འགྲུལ་ཕྱོགས་བསྡུས་ཚོང་ར། བཞི་མདོ་ཆེན་མོའི་སྣ་འཛོམས་ཚོང་ཁང་ཐང་ཆེན་ཚོང་ཁང་བཅས་ལ་སོང་ནས། མཚོ་ཟས་དང་ཤ་རིགས་ཐོན་རྫས་ཚོང་རའི་མཁོ་འདོན་དང་ཚོང་ལེན་ལམ་བུ། གོ་རིམ་ཧྲིལ་བོའི་དོ་དམ་རྒྱུད་རིམ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། མིག་སྔར་པེ་ཅིན་དུ་བྱུང་བའི་འདུ་འཛོམ་རང་བཞིན་གྱི་རིམས་ནད་འགོས་མཆེད་དེ་ཞིང་ལས་ཐོན་རྫས་ཚོང་ར་དང་འབྲེལ་བ་ཡོད་པ་དང་། ཚོང་རའི་མི་སྣའི་འགྲོ་འོང་བྱེད་ཚད་ཆེ་བས། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁུལ་ཁོངས་གཙོ་བོར་གྱུར་ཡོད། ས་ཁུལ་སོ་སོ་དང་ཚོང་རའི་དོ་དམ་སྡེ་ཁག་གིས་ཕྱི་རྒྱལ་དང་རྒྱལ་ནང་གི་རིམས་ནད་འབྱུང་ཉེན་ཆེ་བའི་ས་ཁུལ་གྱི་འཁྱག་ཉར་མཚོ་ཟས་དང་ཤ་རིགས་སོགས་ཐོན་རྫས་ཀྱི་དོ་དམ་ལ་དམ་འཛིན་བྱེད་པ་དང་། འགོ་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། ཚོང་འདྲེན་ལམ་བུའི་ཞིབ་བཤེར་སྤེལ་བ། འགོ་ཁུངས་རྩད་གཅོད་དང་ཐོན་རྫས་ལ་བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས། འཁོར་རྒྱུག་གི་གོ་རིམ་ཧྲིལ་བོའི་དོ་དམ་མངོན་འགྱུར་བྱེད་དགོས། ཁོངས་གཏོགས་ས་ཆ་དང་སྡེ་ཁག ཚོང་ར། ཚོང་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། སྔ་བཞིའི་བྱེད་ཐབས་ལག་བསྟར་བྱེད་པ། ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། བཀག་སྡོམ་རང་བཞིན་གྱི་དོ་དམ་ལག་བསྟར་བྱས་ཏེ། ལུས་དྲོད་འཇལ་བ་དང་བདེན་དཔང་ར་སྤྲོད། ཐོ་འགོད། མི་ཚོགས་གཙོ་བོའི་བརྟག་དཔྱད་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་བཟང་བོར་བསྒྲུབ་དགོས། ཚོང་རའི་ཚོང་བ་དང་བྱ་བའི་མི་སྣའི་མི་སྒེར་གྱི་གཙང་སྦྲ་དང་འགོག་སྲུང་སློབ་གསོ་ལ་ཤུགས་བསྣན་ནས། སྤྱི་ཐུན་ཡུལ་གནས་སུ་ཁ་ཐུམ་རྒྱག་པ་དང་ཁོར་ཡུག་གི་དུག་སེལ་ལམ་ལུགས་མུ་མཐུད་དུ་ལག་བསྟར་བྱེད་དགོས། དེ་དང་མཉམ་དུ། སྟོབས་ཤུགས་ཡོད་རྒུས་ཚོང་རའི་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་བྱ་བ་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚལ་སླེའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།