ལིའུ་ཐའོ་ཡིས་མདོ་ལ་རིང་མོའི་རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟ་ལས་གཞིའི་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་སྟེང་གཏམ་བཤད།
2020.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མདོ་ལ་རིང་མོའི་རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟ་ལས་གཞིའི་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ། ཚོད་ལྟའི་ལས་གཞི་ལག་བསྟར་བྱས་ཚུལ་ལ་ཉན་པར་མ་ཟད། གནས་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས།

ལིའུ་ཐའོ་ཡིས་བསྟན་དོན། མདོ་ལ་རིང་མོའི་རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ་རྩྭ་ས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ལས་གཞི་ནི་ཏང་ཀྲུང་དབྱང་གིས་རང་ཞིང་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། འགོ་ཁྲིད་གཙོ་བོས་བཀོད་སྒྲིག་དང་འཆར་འགོད་བཟོས་པར་མ་ཟད། དངོས་སུ་སྐུལ་འདེད་བཅས་བྱས། ལས་གཞི་ལག་བསྟར་བྱེད་ཀྱིན་པའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ”དང“རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ་རྩྭ་ས་བཅས་ནི་ཚེ་སྲོག་གི་གོང་བུ་གཅིག་མཐུན་ཚོགས་པའི”འདུ་ཤེས་བརྟན་པོར་འཛུགས་དགོས། ཚད་མཐའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། མདོ་ལ་རིང་མོའི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་སྲུང་བྱེད་དགོས་ཟེར།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། བསམ་བློ་དང་སྦྱོར་བ་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་བཅས་ཀྱི་ཐོག་ནས་གཅིག་གྱུར་བྱས་ཏེ། ལག་བསྟར་དོན་འཁྱོལ་ཡག་པོ་དང་ཚོད་ལྟའི་ལས་གཞིའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་དོན་ལ་ཐད་ཀར་དམིགས་པ་དང་མི་འདང་སར་དམིགས་གཏོད་པ། ཚོད་ལྟའི་ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ཐིག་རི་མོ་དང་འགན་འཁྲི་འཁུར་མཁན། དུས་ཚོད་རེའུ་མིག་བཅས་སྔར་ལས་ཁ་གསལ་བཟོ་དགོས། གནད་དོན་ཆད་ལུས་མེད་ཅིང་ལེགས་སྒྲིག་བྱས་པ་འདང་ངེས་ཡིན་པར་འགན་ལེན་བྱེད་དགོས། ཚོད་ལྟའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་རྒྱུ་འགན་ལེན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། ཚོད་ལྟའི་ལས་འགན་དང་ཞིབ་བསྡུར་ནན་མོ་བྱེད་དགོས། ལས་ཆོད་དོ་དམ་ལ་དམ་འཛིན་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ལ་བསུ་བ་ཞུ་བའི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས། ཚོད་ལྟའི་གྲུབ་འབྲས་ཕྱོགས་སྡོམ་བཅུད་ལེན་ཡག་པོ་བྱས་ནས། ཚན་རིག་དང་མཐུན་པའི་དཔྱད་འཇོག་དང་ཚོད་ལྟའི་ཕན་འབྲས་ཐོན་པར་བྱེད་དགོས། ཁྱད་ལྡན་བཀྲག་མདངས་འཚེར་ས་དང་གསར་གཏོད་བྱ་ཐབས་སྔོག་འདོན་གཏིང་ཟབ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི“མཚོ་སྔོན་གྱི་ཉམས་མྱོང”ཧུར་ཐག་སྒོས་བསྐྲུན་དགོས་ཟེར།

ལོ་ཙྰ་བ། བན་དེ་སྐྱབས།