མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱས་ལ། བྱ་བར་སྤྱི་སྡོམ་དང་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། དུས་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཡུས་ཚོང་ལི་ཡིས་བསྟན་དོན། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པ་དང་། དམངས་ཚིས་བཟོ་སྐྲུན་གལ་ཆེན་ཡང་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་ལས་འགན་དང་ལོ་རྒྱུས་ཀྱི་ལས་འགན། ཁྲིམས་བཀོད་ལས་འགན་དང་འཕེལ་རྒྱས་ཀྱི་ལས་འགན་ཕྲག་ཏུ་ལེན་པ་དང་། ཚད་གཞི་ལྟར་གནད་འགག་དམ་འཛིན་བྱས་ཏེ། བྱིས་པ་སློར་གྲྭར་ཞུགས་ཐུབ་པ་དང་སློབ་སྦྱོང་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པ་དེ་དབུལ་ཐར་མཁྲེགས་གཏོར་དང་སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་ཁྲོད་གནས་པའི་གནད་དོན་ཐག་གཅོད་པ་དང་ཟུང་འབྲེལ་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དབུལ་ཐར་མཁྲེགས་གཏོར་གྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ། རྒྱ་ཆེའི་ལས་བྱེད་པས་ཁག་ཁུར་བྱེད་ཕོད་པ་དང་འབད་འཐབ་བྱེད་པར་སྐུལ་སློང་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཁྲོད་བྱས་རྗེས་འཇོག་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་བསྟན་དོན། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པ་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ནང་དོན་གཙོ་བོ་དང་། དབུལ་ཕོངས་བརྒྱུད་སྒྲོག་བཀག་འགོག་བྱེད་པའི་བྱེད་ཐབས་གལ་ཆེན། ཡུན་རིང་བོར་ཕན་པའི་སློབ་གསོ་བཟོ་སྐྲུན་བཅས་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། བྱ་བའི་སྤྱོད་ཚུལ་བསྒྱུར་བ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་། སློབ་འགོ་རྩོམ་པར་ལྟ་སྐུལ་བྱེད་པ་དང་མཉམ་སྡོམ་མཉམ་སྲུང་། ཞིབ་དཔྱད་རྩད་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།