ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། 
2020.06.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བདུན་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དངུལ་ལོར་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་དག་ལ་ལུགས་མཐུན་ཁེ་ཕན་ཐོབ་པར་བཀོད་སྒྲིག་དང་སྣེ་ཁྲིད་བྱས་ཏེ། དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོང་བར་རོགས་འདེགས་བྱེད་པ་དང་། གྲོན་དངུལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་མྱུར་དུ་དངོས་འབེབ་བྱས་ནས་ཕན་འབྲས་ཐོན་པར་བྱས་ཏེ་ཚོང་ར་གཙོ་བོའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་ན། ངེས་པར་དུ་ནོར་སྲིད་སྲིད་ཇུས་དང་ཁྱད་པར་དུ་ཚོང་རའི་གསོན་ཤུགས་སྐུལ་སྤེལ་བྱེད་པའི་གཞི་རྒྱ་ཆེ་བའི་སྲིད་ཇུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཞོར་དུ། དངུལ་ལོར་སྲིད་ཇུས་ཀྱིས་དཔལ་འབྱོར་དངོས་ཕུང་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཁེ་ལས་དང་ཁྱད་པར་དུ་ཁེ་ལས་ཆུང་འབྲིང་དག་དཀའ་ཁག་ལས་སྒྲོལ་བར་རོགས་རམ་དང་། དངུལ་ལོར་ལས་ཁུངས་དང་ཁེ་ལས་མཉམ་འཚོ་མཉམ་རྒྱས་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་བྱ་བའི་སྙན་ཞུའི་རེ་བ་གཞིར་བཟུང་སྟེ། གཅིག་ནས་ལུགས་མཐུན་ཁེ་ཕན་ཐོབ་པར་བྱེད་པའི་གནད་དེ་དམ་འཛིན་བྱས་ནས། ཚོང་ར་གཙོ་བར་འགན་སྲུང་སྒོས་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོང་བར་བྱེད་དགོས། ཁེ་ཐོབ་ཀྱི་ཚད་ཇེ་དམའ་རུ་གཏོང་བ་དང་གཟིགས་སྐྱོང་གི་དངུལ་བུན་བསྐྱི་བ། དངུལ་བུན་བསྐྱི་བའི་ཡུན་ཚད་ཇེ་རིང་དུ་གཏོང་བ། དངུལ་ཁང་གི་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ལ་བརྟེན་ནས། དངུལ་ལོར་མ་ལག་གིས་ལོ་ཧྲིལ་བོར་ཁེ་ལས་ལ་ལུགས་མཐུན་ཁེ་ཐོབ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་ལྔ་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚད་གཞི་ཇེ་དམའ་རུ་གཏོང་བ་དང་ཡང་བསྐྱར་དངུལ་བུན་བསྐྱི་བ་ལ་བརྟེན་ནས། འཁོར་རྒྱུག་རང་བཞིན་གྱི་ལུགས་མཐུན་དངུལ་གསོག་སྲུང་འཛིན་དང་ཤུགས་ཆེན་པོས་དངུལ་གསོག་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ལོ་ཧྲིལ་བོར་མི་དམངས་ཤོག་སྒོར་གྱི་དངུལ་བསྐྱིས་འཕར་སྣོན་དང་སྤྱི་ཚོགས་དངུལ་གསོག་འཕར་སྣོན་གཞི་རྒྱ་གང་ཡིན་ཡང་ལོ་སྔོན་མ་ལས་བརྒལ་བར་བྱེད་དགོས། གསུམ་ནས་ཚོང་རའི་ཆོས་ཉིད་བརྩི་སྲུང་བྱས་ནས་མ་དངུལ་ཐད་ཀར་ཁེ་ལས་ལ་སྟེར་བའི་སྲིད་ཇུས་ཡོ་བྱད་དང་འབྲེལ་ཡོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། འགན་སྲུང་དང་ཚོད་འཛིན་ཡོད་པའི་རེ་བ་གཞིར་བཟུང་སྟེ། གསར་དུ་འཕར་སྣོན་བྱུང་བའི་དངུལ་ལོར་དེ་གཙོ་བོ་བཟོ་སྐྲུན་ལས་རིགས་དང་སྤྱིར་བཏང་གི་ཞབས་ཞུའི་ལས་རིགས། ཁྱད་པར་དུ་ཁེ་ལས་ཆུང་བའི་ཐད་བཏང་ནས། དཀའ་ཁག་མྱུར་སེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དངུལ་ལོར་གཏོང་ཡུལ་ནོར་བའི་སྣང་ཚུལ་སྔོན་འགོག་བྱས་ཏེ་དངུལ་ལོར་ཉེན་ཁར་དོགས་ཟོན་བྱེད་དགོས། བཞི་ནས་དངུལ་ལོར་ཞབས་ཞུའི་ཁྲོད་ཀྱི་ཁེ་ལས་ཆུང་འབྲིང་གི་ནུས་པ་དང་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ལུགས་མཐུན་གྱིས་དངུལ་ཁང་ཆུང་འབྲིང་གི་མ་རྩལ་ཁ་གསབ་བྱེད་པ་དང་། ཀུན་ཕན་དངུལ་ལོར་གྱི་དངུལ་ཁང་གི་དཔྱད་ཞིབ་ཁྲོད་ཀྱི་དབང་ཆ་ཇེ་ཆེར་གཏོང་དགོས་ལ། ཚུལ་མིན་གྱི་དངུལ་བསྐྱིས་དཔྱད་ཞིབ་ཐག་གཅོད་ཤུགས་ཚད་ཇེ་ཆེར་གཏོང་དགོས། ཚོང་ར་གཙོ་བོའི་དོན་དངོས་དངུལ་གསོག་མ་རྩ་མངོན་གསལ་གྱིས་ཇེ་དམའ་རུ་འགྲོ་བ་དང་དངུལ་བསྐྱིས་དཀའ་ཁག་སྔར་ལས་ཇེ་ཆུང་དུ་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། ད་ལོའི་ཚུན་ལ། འབྲེལ་ཡོད་སྡེ་ཁག་སོ་སོ་དང་ལས་ཁུངས་དག་གིས་གྲོན་དངུལ་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ཁེ་ལས་ཀྱི་དཀའ་ཁག་སེལ་བའི་ཐད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། དུས་རིམ་རྗེས་མར་ལས་ཞུགས་དང་དམངས་གཙོ། ཚོང་ར་གཙོ་བོ་བཅས་ལ་འགན་སྲུང་བྱེད་པར་དམིགས་ཏེ་གཅིག་ནས་གཏན་འཁེལ་བྱས་པའི་གྲོན་དངུལ་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གཉིས་ནས་ལུགས་མཐུན་མིན་པའི་གྲོན་དངུལ་བསྡུ་བར་བཀག་འགོག་བྱེད་དགོས། གསུམ་ནས་དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་བསྐྲུན་བྱེད་དགོས་པར་བསྟན། 

གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།