ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2020.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དངོས་འབེབས་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་པའི་ས་ཁུལ་ལ་གཟེངས་བསྟོད་སྐུལ་མ་གཏོང་བ་དང་ཞིང་སྡེའི་ཞིང་སའི་སྟེང་གང་འདོད་དུ་ཁང་བ་ལས་པར་གཙང་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་པ། ས་ཞིང་བཀོལ་སྤྱོད་བྱེད་པར་ཞིབ་བཤེར་ཆོག་མཆན་འགོད་པ། ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། གསར་བཟོ་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་པར་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འགོག་མཉམ་སྡོམ་བྱེད་ཐབས་ཞིབ་ཕྲ་སྒོས་དངོས་འབེབས་གང་ལེགས་བྱེད་དགོས་ལ། ཁུལ་ཁོངས་གཙོ་བོ་དང་གནད་འགག་དུས་སྐབས་ཀྱི་རིམས་འགོག་བྱ་བར་གཙིགས་འཛིན་བྱེད་པ་དང་། གཅིག་འདུས་རང་བཞིན་གྱི་རིམས་ནད་འགོ་བར་གཏན་འགོག་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྒྲུབ་གཏན་སྲུང་བྱ་བ་དམ་འཛིན་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པས་གཏན་འཁེལ་བྱས་པའི་རིགས་སོ་སོའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཞིབ་ཕྲ་སྒོས་ལག་བསྟར་བྱེད་པ་དང་། རྒྱུན་མཐུད་སྒོས་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྟོབས་ཤུགས་གང་ཡོད་བཏོན་ནས་དཔལ་འབྱོར་གྱི་གཞི་རྩའི་བསམ་ཇུས་བརྟན་འཇགས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཞིང་ས་ནི་རྒྱལ་ཁབ་ཀྱི་ཆེས་རིན་ཐང་བྲལ་བའི་ཐོན་ཁུངས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་སར་སྲུང་སྐྱོབ་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་རེ་བ་དང་འབྲེལ་མཐུད་བྱེད་པ། ཁོངས་གཏོགས་འགན་འཁྲི་དངོས་འབེབས་བྱེད་པ། ཤུགས་ཆེན་པོས་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་གཏོང་དགོས་པར་མ་ཟད།  མུའུ་ས་ཡ་གཅིག་གི་ཞིང་ས་གཤིན་པོའི་འཆར་འགོད་དང་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་ཞིང་སྡེའི་ཞིང་སའི་སྟེང་གང་འདོད་དུ་ཁང་བ་ལས་པའི་གནད་དོན་ལ་གཙང་བཤེར་དང་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཞིང་སའི་སྲུང་སྐྱོབ་དམར་ཐིག་བརྟན་སྲུང་བྱས་ནས་འབྲུ་རིགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་སྲིད་འཛིན་ཁྲིམས་སྐྱོང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ཁྲིམས་སྐྱོང་གཙོ་གཞི་གཅིག་གྱུར་བྱེད་པ་དང་ཁྲིམས་སྐྱོང་སྟོབས་ཤུགས་ཇེ་ཆེར་གཏོང་བ། བཅོས་སྐྱོང་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ལ། གཅིག་གྱུར་དང་དབང་ཟིལ་ཕན་འབྲས་མཐོ་བའི་ཚོང་རའི་ལྟ་སྐུལ་དོ་དམ་ཕྱོགས་བསྡུས་ཁྲིམས་སྐྱོང་ལམ་ལུགས་བཙུགས་ནས། ཁྲིམས་སྐྱོང་ནུས་པ་ཇེ་ཆེར་གཏོང་བ་དང་ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད་ལམ་ལུགས་ཀྱི་ཁྱད་སྟོབས་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                           ལོ་ཙཱ་བ། བཀྲ་ཤིས་འབུམ།