མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པས་དྲ་ཐོག་ནས་ཕྱི་རྒྱལ་གྱི་ཚོང་བ་གདན་ཞུ་དང་གྲོས་མཐུན་འགོད་རྒྱུ་རེད།
2020.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། གསར་འགོད་པས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པས་ཚོང་བ་གདན་ཞུ་དང་བྱ་འགུལ་རྩ་འཛུགས། ལས་གཞིའི་ཚོང་གཏམ། ཚོང་འགུག་དངུལ་འདྲེན། འགྲེམ་སྟོན་རྩ་འཛུགས་སོགས་ཀྱི་བྱ་བ་བདེ་བླག་ངང་སྤེལ་བ་དང་གོ་རིམ་ལྡན་པར་ལག་བསྟར་བྱེད་ཀྱིན་ཡོད། ལྷག་པར་དུ་རང་ཞིང་གི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་ལ་རྐང་བཙུགས་ཏེ། རང་ཞིང་གིས་ལག་བསྟར་ཨུ་ཡོན་ལྷན་ཁང་རིམས་འགོག་པུའུ་བཙུགས་པ་དང་། ཚོང་འགུག་དང་འགྲེམ་སྟོན་རྗེས་ལ་སྣུར་བ་དང་འགྲེམ་སྟོན་གྱི་གཞི་ཁྱོན་ཇེ་ཆུང་དང་དུས་ཚོད་ཇེ་ཐུང་དུ་གཏོང་བ། བྱ་འགུལ་དང་ གླེང་སྟེགས་མེད་པར་གཏོང་བ་དང་ལེགས་སྒྱུར་བྱེད་པ། དྲ་ཐོག་ནས་ཕྱི་རྒྱལ་གྱི་ཚོང་བ་གདན་ཞུ་བྱས་ནས་མིང་འགོད་པ། འགྲེམ་སྟོན་ཚོགས་འདུའི་རིམས་འགོག་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འགྲེམ་སྟོན་ཚོགས་འདུ་བདེ་འཇགས་ངང་སྤེལ་བའི་དངོས་གཉེར་བྱེད་ཐབས་འགན་སྲུང་བྱས།

ཤེས་པའི་གནས་ཚུལ་ལྟར་ན། སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཚོགས་ར་གཙོ་བོ་ཟི་ལིང་གྲོང་ཁྱེར་དུ་བཙུགས་ཡོད་པ་དང་ཡན་ལག་ཚོགས་ར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཏེར་ལན་ཁ་གྲོང་ཁྱེར་དུ་བཙུགས་ཡོད་ལ། བརྗོད་དོན་གཙོ་བོའི་གྲོང་ཁྱེར་མཚོ་ཤར་གྲོང་ཁྱེར་རེད།

སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་མཚོ་སྔོན་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་དང་ལྗང་མདོག་འཁོར་རྒྱུགས་དཔལ་འབྱོར་གསར་སྐྲུན་འཕེལ་རྒྱས་གླེང་སྟེགས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སོགས་གླེང་སྟེགས་བྱ་འགུལ་སྤེལ་རྒྱུ་ཡིན་ལ། དེ་ལས་མཚོ་སྔོན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་མངོན་པར་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་ལ་འཚོལ་ཞིབ་བྱེད་རྒྱུ་རེད།

                                                                                                ལོ་ཙཱ་བ། བཀྲ་ཤིས་འབུམ།