ལིའུ་ཐུང་ཏི་ཡིས་མགོ་ལོག་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 62


ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཡིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་དང་པད་མ་རྫོང་། གཅིག་སྒྲིལ་རྫོང་བཅས་ལ་སོང་ནས། རི་སྐྱེས་རི་དྭགས་སྲུང་སྐྱོབ་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རི་སྐྱེས་རི་དྭགས་ཀྱི་ཁྲིམས་འགལ་ཉོ་ཚོང་ཁྱོན་ཡོངས་ནས་བཀག་འགོག་བྱེད་པ་དང་རི་སྐྱེས་རི་དྭགས་ཀྱི་ཤ་ཟ་བའི་གོམས་སྲོལ་ངན་པ་མེད་པར་བཟོས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྐོར་གྱི་གཏན་ཁེལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རི་སྐྱེས་རི་དྭགས་འཛིན་བཟུང་དང་ཉོ་ཚོང་། ཤ་ཟ་བར་བཀག་འགོག་བྱེད་པའི་སྐོར་གྱི་གཏན་ཁེལ་བཅས་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་ཁྲིམས་འཛིན་ཞིབ་བཤེར་བྱས། དེ་དང་མཉམ་དུ། དམངས་ཆེན་བྱ་བའི་ལག་བསྟར་ལོའི་བྱ་འགུལ་སྤེལ་བའི་གནས་ཚུལ་ཐད་ནས་རྟོག་ཞིབ་མཛུབ་སྟོན་བྱས།

ཁྲིམས་འཛིན་ཞིབ་བཤེར་བྱེད་སྐབས། ལིའུ་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རི་སྐྱེས་རི་དྭགས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཐུན་འཕྲོད་བསྟེན་ཉེན་ཁ་ཆེན་པོ་འབྱུང་བར་བཀག་འགོག་བྱས་ཏེ། ཁྲིམས་ལྟར་རི་སྐྱེས་བྱ་བའི་ཆུ་ཚད་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཕན་ནུས་མཐོར་འདེགས་གཏོང་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ལིའུ་ཐུང་ཏི་ཡིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། འགན་སྒྲུབ་ཁྲོད་ནམ་ཡང་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། འཐུས་མིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མགོ་ལོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་བརྟན་སྲུང་བྱེད་པ་དང་། བསམ་བློའི་འགོག་ར་བརྟན་པོ་བཙུགས་ནས། དམངས་ཆེན་གྱི་འཐུས་མིའི་སྣང་བརྙན་བཟང་བོ་འགྲེམ་སྟོན་བྱེད་དགོས་ཟེར། ཁོས་ཚད་གཞི་སྔར་ལས་ཇེ་མཐོར་གཏོང་བ་དང་། བྱེད་ཐབས་ཇེ་བཟང་དུ་གཏོང་བ། དམངས་ཆེན་བྱ་བའི་ལག་བསྟར་ལོའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་དུས་རབས་གསར་བའི་དམངས་ཆེན་འཐུས་མིའི་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་གྲོས་གཞི་དང་བྱེད་ཐབས་གཉིས་སོགས་ལམ་ལུགས་ལག་བསྟར་གཏིང་ཟབ་བྱས་ཏེ། མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་དམངས་ཆེན་བྱ་བ་ཆུ་ཚད་སྔར་ལས་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།