ས་ཁུལ་སོ་སོས་རྣམ་པ་སྣ་ཚོགས་པའི་དུག་འགོག་དྲིལ་སྒྲོག་བྱ་འགུལ་སྤེལ། 
2020.06.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོང་ཐེངས་སོ་གསུམ་པ་ཡིན་པ་དང་། ས་ཁུལ་སོ་སོས་བདེ་ཐང་གི་མི་ཚེ། ལྷད་མེད་དུག་མེད་ཅེས་པའི་བརྗོད་སྙིང་ལ་དམིགས་ཏེ། རྣམ་པ་སྣ་ཚོགས་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། 

པེ་ཅིང་གྲོང་ཁྱེར་གྱི་ལིན་ཙི་ཞུའུ་དུག་འགོག་སློབ་གསོའི་ལྟེ་གནས་སུ། མི་དམངས་ཉེན་རྟོག་པས་དྲ་རྒྱའི་ཐད་གཏོང་གི་རྣམ་པ་སྤྱད་དེ་མྱོས་ཆུ་སོགས་རྣམ་པ་གསར་བའི་དུག་རིགས་འགྲེམ་སྟོན་བྱས་ཏེ། ན་གཞོན་དག་ལ་དུག་རིགས་དེ་དག་གི་གནོད་པ་ཆེན་པོ་ཤེས་སུ་བཅུག སུའུ་ཀྲིག་གྲོང་ཁྱེར་གྱི་དུག་འགོག་སློབ་གསོའི་སྡེ་ཁག་གིས་རྩོམ་སྒྲིག་བྱས་པའི་སློབ་ཆུང་སློབ་མའི་དུག་རྫས་སྔོན་འགོག་སློབ་གསོའི་ཀློག་དེབ་འབུམ་གཉིས་དང་ཁྲི་བཞི་རིན་མེད་དུ་སློབ་མའི་ལག་ཏུ་བྱིན། 

ཧྲང་ཧེ་དང་ཧེ་ནན། ལའོ་ཉིན་སོགས་ས་ཁུལ་གྱིས་སྲང་ལམ་དང་ཚོང་ར་སོགས་སུ་དུག་འགོག་འཆད་ཁྲིད་སྤེལ། ཧྲན་ཏུང་དང་སི་ཁྲོན། ཅང་ཞི། ཀོང་ཞི་སོགས་ས་ཁུལ་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་དང་དུག་འགོག་དང་བླངས་མཁན་བཅས་སློབ་གྲྭ་དང་སྡོད་ཁུལ། སྡེ་བ་བཅས་སུ་སོང་ནས་དྲིལ་སྒྲོག་རྒྱུ་ཆ་བྱིན་ནས་དུག་རྫས་ཀྱི་གནོད་པ་གསལ་འགྲེལ་བྱས། མེ་འཁོར་གྱི་འཁོར་སྒམ་དང་མེ་འཁོར་སྒུག་ཁང་དེ་ཡང་ལྕགས་ལམ་མི་དམངས་ཉེན་རྟོག་པས་དུག་རྫས་སྔོན་འགོག་གྱི་དྲིལ་སྒྲོག་སློབ་གསོ་སྤེལ་སར་གྱུར་ཡོད། 

ཁྲོང་ཆིན་དང་ཡུན་ནན། ཀོང་ཏུང་སོགས་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་སོ་སོར་རྩད་ཆོད་པའི་དུག་རྫས་སྐོར་ཞིག་མེད་པར་བཏང་སྟེ། དུག་རྫས་ཏུན་བཅུ་ལྷག་མེར་བསྲེག་སྟེ་གནོད་པ་མེད་པར་བཟོས། 

ཉིས་སྟོང་བཅུ་དགུ་ལོའི་ཚུན་ལ། རྒྱལ་ཡོངས་ཀྱི་དུག་འགོག་སྡེ་ཁག་གིས་ཉིས་སྟོང་བཅུ་དགུ་ལོའི་དུག་འགོག་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། གཅིག་བསྡུས་ཀྱིས་དྲ་རྒྱའི་དུག་རྫས་དང་འབྲེལ་བའི་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་བཏང་། རྒྱལ་ཡོངས་སུ་བསྡོམས་པས་དུག་རྫས་དང་འབྲེལ་བའི་ནག་ཉེས་གྱོད་དོན་ཁྲི་བརྒྱད་དང་སྟོང་གསུམ་ལྷག་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་འཛིན་བཟུང་བྱས་པར་མ་ཟད། རིགས་སྣ་ཚོགས་ཀྱི་དུག་རྫས་ཏུན་རེ་ལྔ་ལྷག་གཞུང་བཞེས་བྱས་ཡོད་པ་རེད། 

ལོ་ཙཱ་བ། བསོད་ནམས་ཚེ་རིང་།