ལིའུ་ཐོ་ཡིས་ཏུང་ཁྲོན་བཟོ་ལས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཏུང་ཁྲོན་བཟོ་ལས་ས་ཁུལ་དུ་སོང་སྟེ་ས་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དང་ལས་གཞི་བཀོད་སྒྲིག བདག་གཉེར་དོ་དམ། ཁེ་ལས་འཕེལ་རྒྱས། སྲིད་འཛིན་ཞབས་ཞུའི་ལྟེ་གནས་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

མཚོ་སྔོན་ཀྲུང་ལིས་འོད་འགྱེད་ཚི་སྐུད་ལག་རྩལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ནའོ་ཏི་རྒྱུ་ཆ་གསར་བའི་ཚད་ཡོད་ཀུང་ཟི་རུ་ལིའུ་ཐོ་ཡིས་ཁེ་ལས་ཀྱིས་རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཐོན་རྫས་ཀྱི་ཚོང་རའི་ད་ལྟའི་གནས་ཚུལ་དང་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་པ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས། ཁོས་བཤད་དོན། ཁེ་ལས་ནི་དཔལ་འབྱོར་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གཞི་ཡིན་པ་དང་། གསར་སྐྲུན་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཡིན་པས། སྲོག་ཤིང་ལག་རྩལ་དང་གནད་འགག་ལས་རིམ་ལ་དམིགས་ཏེ་མུ་མཐུད་ནས་ལག་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། གནད་འགག་གི་སྲོག་ཤིང་ལག་རྩལ་ཁོང་དུ་ཆུད་པར་བྱེད་དགོས། འཕེལ་རྒྱས་ཀྱི་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་དཀའ་ཁག་ཁྱད་སེལ་བྱས་ཏེ། ལས་ཐོན་སླར་གསོའི་རྨང་གཞིའི་སྟེང་ཁེ་ལས་ཀྱི་ཐོན་ཚད་དང་ཕན་འབྲས་མཐོར་འདེགས་སུ་འགྲོ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་རིམས་ནད་ཀྱིས་བཟོས་པའི་གྱོང་གུད་ཁ་གསབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་འདོན་དགོས་ཟེར།

ཏུང་ཁྲོན་བཟོ་ལས་ས་ཁུལ་གྱི་སྲིད་འཛིན་ཞབས་ཞུའི་ལྟེ་གནས་སུ་ལིའུ་ཐོ་ཡིས་སྲིད་འཛིན་ཞབས་ཞུའི་ཚོམས་ཁང་གི་སྤྱིའི་བཀོད་སྒྲིག་དང་ལས་གཞི་ལག་བསྟར། བྱེད་སྒོའི་གོ་རིམས་སོགས་ཀྱི་འབྲེལ་ཡོད་བྱ་བར་ལྟ་ཞིབ་བྱས། ཁོས་བཤད་དོན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་ཙུང་ལི་ལིས་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཏོན་པའི་རེ་བ་གསར་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱེད་སྐབས། བྱེད་ཐབས་ལེགས་སྒྲིག་དང་འགྲོ་ལུགས་སྟབས་བདེ་བྱེད་པ་དང་། ཁྱོན་ཡོངས་ནས་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ལ། སྔར་ལས་མང་པོའི་ཞབས་ཞུའི་ལས་དོན་དྲ་ཐོག་ནས་བསྒྲུབ་པར་སྐུལ་འདེད་གཏོང་བ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ཧུར་ཐག་སྒོས་ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན། སྟབས་བདེ་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་དགོས་ཟེར།

                                                                                                   ལོ་ཙཱ་བ། བཀྲ་ཤིས་འབུམ།