ཧན་ཀྲིན་འབྲི་ཆུའི་འབབ་ཡུལ་གཙོ་བོའི་ཆུ་ཁོངས་སུ་ཉ་འཛིན་མི་ཆོག་པ་དང་ཉ་བདའི་བཀོད་སྒྲིག་འགན་སྲུང་བྱ་བར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
2020.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ཉེར་བརྒྱད་པེ་ཅིན་ནས་འབྲི་ཆུའི་འབབ་ཡུལ་གཙོ་བོའི་ཆུ་ཁོངས་སུ་ཉ་འཛིན་མི་ཆོག་པ་དང་ཉ་བདའི་བཀོད་སྒྲིག་འགན་སྲུང་བྱ་བར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། འབྲི་ཆུའི་ནང་དུ་ལོ་བཅུ་ལ་ཉ་འཛིན་མི་ཆོག་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་བཙོག་པར་འགྱུར་བའི་རྣམ་པ་ལེགས་སྒྱུར་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན། བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱས་ཏེ། ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། དངོས་གཉེར་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པ་དང་འབྲི་ཆུ་སྲུང་སྐྱོབ་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། འབྲི་ཆུའི་ནང་དུ་ཉ་འཛིན་མི་ཆོག་པ་ནི་ལས་འགན་ལྗིད་མོ་ཞིག་ཡིན་པས་གནད་འགག་གི་ལས་རིམ་དམ་འཛིན་བྱེད་པ་དང་བྱ་བ་གཙོ་བོ་བཟང་བོར་བསྒྲུབ་ནས། སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས། མ་དངུལ་འགན་སྲུང་བྱས་ཏེ་ཀྲུང་དབྱང་གིས་བྱ་དགའ་སྟེར་བ་དང་ཁ་གསབ་བྱེད་པ། ས་གནས་གཙོ་ཡིན་པའི་རྩ་དོན་ལྟར། ནོར་སྲིད་མ་དངུལ་དུས་ཐོག་ཏུ་དངོས་འབེབས་བྱེད་པ་དང་བྱ་བ་གཙོ་བོར་ནོར་ཤུགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་། ས་གནས་གཙོ་གཞིའི་འགན་འཁྲི་དང་ལེན་བྱེད་དགོས་ལ། ལྟ་སྐུལ་མཛུབ་སྟོན་དཔྱད་ཞིབ་ལ་ཤུགས་བསྣན་ནས། རྦད་ཆོད་སྒོས་འབྲི་ཆུའི་འབབ་ཡུལ་དུ་ཉ་འཛིན་མི་ཆོག་པའི་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཨན་ཧོས་དང་ཅང་ཞི། ཧུའུ་པེ། ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ལས་ཞིང་སྡེ་པུའུ་དང་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། སྤྱི་བདེ་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།

                                                                                            ལོ་ཙཱ་བ། བཀྲ་ཤིས་འབུམ།