དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་རེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཇེ་ཉུང་དུ་འགྲོ་བཞིན་ཡོད།
2020.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

དབྱི་ཐ་ལིའི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་དགུ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བར་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་ཉེར་དྲུག་འཕར་སྣོན་བྱུང་བ་དང་།  བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་བཞི་བཞི་བརྒྱ་སོ་དྲུག་ལ་སླེབས། དྲག་སྐྱེད་བྱུང་བའི་ནད་པ་སུམ་བརྒྱ་དང་ལྔ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་དགུ་དང་བརྒྱ་དང་གོ་དྲུག་དྲག་སྐྱེད་བྱུང་། རྐྱེན་ལམ་དུ་ཤོར་བའི་ནད་པ་དྲུག་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་བདུན་བརྒྱ་ཞེ་བཞི་རྐྱེན་ལམ་དུ་ཤོར།

གཞི་གྲངས་ལས་མངོན་པ་ལྟར་ན།  དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་དེ་ཟླ་གཉིས་པའི་ཚེས་ཉེར་བཞིའི་ཚུན་ལ་ནད་པ་རྐྱེན་ལམ་དུ་ཤོར་བ་ཆེས་ཉུང་བའི་ཉིན་ཞིག་རེད། དེ་ལས་གཞན་དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་དྲུག་བཞི་བརྒྱ་གོ་དྲུག་ལ་ཇེ་ཉུང་དུ་སོང་བ་དང་། དེ་སྔ་ཉིན་དང་བསྡུར་ན་ནད་པ་བརྒྱ་དང་གྱ་ལྔ་ཇེ་ཉུང་དུ་སོང་། ད་ལྟའི་ནད་པའི་ཁྲོད་དུ་མི་ཁྲི་གཅིག་དང་སྟོང་ལྔ་ ཉིས་བརྒྱ་བརྒྱད་ཅུ་ཁྱིམ་ཚང་དུ་ལོགས་བཀར་བྱས་ཤིང་། མི་སྟོང་གཅིག་དང་བརྒྱ་དང་ཉི་ཤུ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། མི་གོ་དྲུག་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།

                                                                                                           ལོ་ཙཱ་བ། བཀྲ་ཤིས་འབུམ།