ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2020.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ6པའི་ཚེས30ཉིན། ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་འགོག་པ་དང་གནོད་སྐྱོན་སེལ་བའི་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིའུ་ཉིང་གི་མངགས་བཅོལ་ལྟར། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་དགོས་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ལྟར། དེང་སྐབས་ཀྱི་ཆུ་ལོག་འགོག་པའི་བྱ་བའི་གནས་བབ་གསལ་བོར་ཤེས་པར་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ཀྱིས་ཆུ་ལོག་འགོག་པའི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཟབ་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ཆུ་ལོག་འགོག་པའི་བྱ་བའི་འགན་ཁུར་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོ་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་བཅས་རྒྱུན་འཁྱོངས་ཀྱིས་འགན་ཁུར་བ་ལས་གནས་སྟེང་འབྱོར་བར་བྱེད་པ་དང་། ལས་རེས་ནན་མོ་བྱེད་པ། ཡུལ་དངོས་ནས་བཀོད་འདོམས་བྱེད་པ། སྐོར་བཤེར་བརྟན་སྲུང་དང་ཉན་ཁ་ཐག་གཅོད་དམ་འཛིན་བཟང་པོ་བྱེད་པ། ཉེན་ཁའི་གྲལ་བཤེར་བསྟུད་མར་སྤེལ་བ། ཆུ་ལོག་འགོག་པའི་འཕྲལ་བསྟུན་ཇུས་གཞི་བཟོ་བཅོས་བྱས་ཏེ་འཐུས་ཚང་དུ་གཏོང་བ། ཉེན་སེལ་རྒུད་སྐྱོབ་དཔུང་སྡེ་དང་དངོས་རྫས་གསོག་འཇོག་གི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཆུ་མཛོད་བདེ་འཇགས་ཀྱིས་ཆུ་ལོག་གི་དུས་ཚིགས་ལས་བརྒལ་བ་དང་། ཆུ་འབྲིང་ཆུང་གི་ཆུ་ལོག་འགོག་པ། རི་འགོའི་ཆུ་ལོག་གི་ས་གཤིས་གནོད་འཚེ་འགོག་པ། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བ་བཟང་པོར་སྒྲུབ་དགོས། ཉེན་ཁའི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་དགོས་ཏེ། ཆུ་བེད་དང་གནམ་གཤིས། འཕྲལ་བསྟུན་སོགས་སྡེ་ཁག་གིས་ཆར་བ་འབབ་པ་དང་ཆུ་ལོག་འབྱུང་བ། གནོད་འཚེ་འབྱུང་བ་སོགས་ཀྱི་གནས་ཚུལ་ལ་དུས་ལྟར་རྗེས་སྙེག་ལྟ་ཞིབ་བྱས་ཏེ། ཆ་འཕྲིན་མཉམ་སྤྱོད་དང་མཉམ་གྲོས་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། དུས་ལྟར་གནད་ལ་འཁེལ་བའི་ཁ་གཏད་འཇལ་ཐབས་སྤྱད་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཞིབ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་ཏང་གི་འཛུགས་སྐྲུན་སྲོལ་ཡིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམ་བསྐོ་བྱ་བའི་སྲོལ་ཡིག་ནི་ང་ཚོའི་ཏང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་པའི་གྲུབ་འབྲས་ཆེས་གསར་བ་ཡིན་པ་དང་། ཏང་ཀྲུང་དབྱང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ཟབ་མོ་བྱེད་པའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་བའི་རྩ་བའི་བསྲུང་བྱ་ཡིན་པས། སློབ་སྦྱོང་འཛིན་པ་དང་དོན་འཁྱོལ་ལ་ཡར་སྐུལ་བྱེད་པ། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཐད་སྔར་ལས་འབད་བརྩོན་བྱས་ཏེ། འདེམ་བསྐོ་ལམ་ལུགས་ཀྱི་གཏན་ཁེལ་ལག་བསྟར་ནན་མོ་བྱེད་པ་དང་། ཏང་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་དངོས་སུ་ཤུགས་བསྣན་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་དུས་ལྟར་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གཅིག་ཏུ་སྒྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་དྲག་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་པ་ནི་འཐབ་ཇུས་ཀྱི་ལས་འགན་ཡིན་པས། གཞུང་ལུགས་ཀྱི་གོ་ཆ་བགོ་བའི་གཞི་རྩ་འདི་དམ་དུ་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་དང་མི་དམངས་ཡོངས་ལ་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་དགོངས་པས་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་ཁྲོད་དུ་ཐོན་པའི་གཞི་རྩ་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ཕུགས་བསམ་ཡིད་རྟོན་གྱི་རྨང་གཞི་འདི་བརྟན་པོར་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་བསམ་བློའི་ཡིད་རྟོན་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བཏང་སྟེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྲ་མཁྲེགས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། གཙོ་གཞིའི་འགན་འཁྲི་ཞེས་པའི་གནད་འགག་གི་རྣལ་མར་བཟུང་སྟེ། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དེ་སྲིད་གཞུང་རང་སྟེང་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་དུ་བཞག་ནས། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་དམ་དུ་སྦྲེལ་བ་དང་རྟག་ཏུ་མཐུད་དེ། འགན་འཁྲི་དོན་འཁྱོལ་ལ་བརྟེན་ནས་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་པོ་བསྐྲུན་དགོས་ཟེར།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཡན་ཅིན་ཧེ་དང་དབྱང་ཧྥིན་ཁྲུན། ཀྲང་ལིས། ལིའུ་ཐའོ། ཝུན་གོ་ཏུང་། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཟུར་ཞུགས་བྱས།

ལོ་ཙཱ་བ། ཕྱུག་ལོ།