མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས།
2020.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱི་བསམ་འཆར་ལ་ཉན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་བཅས་ཚོགས་འདུར་ཞུགས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོ་སྒང་གི་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་དགེ་མཚན་དེ་དཔལ་འབྱོར་དགེ་མཚན་དང་། འཕེལ་རྒྱས་དགེ་མཚན། འགྲན་རྩོད་དགེ་མཚན་བཅས་ལ་བསྒྱུར་བའི་ཐད་ནུས་ཤུགས་བཏོན་ལ། སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་། ཤན་ཤུགས་ཆེ་བའི་མཚོ་སྔོན་རྟགས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་ཚོང་རྟགས་མིང་གྲགས་ཅན་སྐོར་ཞིག་མཚོ་སྔོན་ནས་འཛམ་གླིང་དུ་སྐྱོད་བཞིན་པའི་སྒང་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཐད་ནས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་མངོན་ཡོད། མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོ་ཏང་ཁག་སོ་སོས་སྐྱེ་ཁམས་ཞིང་ཕྱུགས་ལས་ལ་དམིགས་ནས་རྟོག་ཞིབ་གཏིང་ཟབ་བྱས་པ་དང་བློ་འདོན་ཇུས་འབུལ་བྱས་ཏེ། ཤན་ཤུགས་ཆེ་བ་དང་སྤུས་ཚད་མཐོ་བའི་སྲིད་ཞུགས་སྲིད་གླེང་གི་གྲུབ་འབྲས་སྐོར་ཞིག་གྲུབ་པར་བྱས་པ་དང་། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ཁམས་ཞིང་ཕྱུགས་ལས་ཚུལ་བསྒྱུར་རིམ་སྤོར་དང་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་ན། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ལ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་མུ་མཐུད་དུ་མཉམ་དུ་དོ་སྣང་དང་རྒྱབ་སྐྱོར་བྱེད་དགོས། སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་དུས་རབས་གསར་བ་དང་འགོ་ཚུགས་ས་གསར་བའི་སྟེང་འབྱོང་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེའགྲུབ་པར་བྱེད་པ་དང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བསམ་བློ་གཅིག་གྱུར་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ། སྲིད་ཞུགས་སྲིད་གླེང་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་དང་བློ་གྲོས་འབུལ་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།