ཞི་ཅིན་ཕིང་གིས་ཧྥུའུ་ཏན་སློབ་ཆེན་གྱི་ན་གཞོན་དགེ་སློབ་ཏང་ཡོན་དག་ལ་འཕྲིན་ལན་བསྐུར་ནས་རྒྱ་ཆེའི་ཏང་ཡོན་གྱིས་དཀའ་སྤྱད་འབད་བརྩོན་ཁྲོད་ནས་ཐོག་མའི་སེམས་འདུན་ལག་ལེན་དུ་བསྟར་དགོས་པའི་སྐུལ་མ་བཏང་། 
2020.07.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཧྥུའུ་ཏན་སློབ་ཆེན་གྱི་གུང་ཁྲན་ཏང་གི་བསྒྲགས་གཏམ་འགྲེམ་སྟོན་ཁང་གི་ཏང་ཡོན་དང་བླངས་པའི་དཔུང་ཁག་གི་རུ་མི་ཚང་མར་འཕྲིན་ལན་བསྐུར་ཏེ། ཁོ་ཚོས་མུ་མཐུད་དུ་ཕུགས་བསམ་འདུ་ཤེས་ཀྱི་གཏམ་རྒྱུད་བརྗོད་དགོས་པའི་སྐུལ་མ་བཏང་བར་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ཁྱད་པར་དུ་ན་གཞོན་ཏང་ཡོན་དག་ལ་ཐུགས་རེ་ནན་མོ་བཏོན། 

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་བསྟན་དོན། ལོ་ངོ་བརྒྱའི་ཡར་སྔོན་དུ་བློ་མཐུན་ཁྲིན་ཝང་ཏའོ་ཡིས་གུང་ཁྲན་ཏང་གི་བསྒྲགས་གཏམ་རྒྱ་འགྱུར་མ་ཐོག་མར་ཡོངས་འགྲུབ་བྱས་ཏེ། སེམས་ཤུགས་ལྡན་པའི་མི་སྣ་སྐོར་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་རླབས་ཆེན་ཕུགས་འདུན་ཆགས་པར་བྱེད་པ་དང་མི་རིགས་བཅིངས་འགྲོལ་དང་དར་རྒྱས་བྱ་གཞག་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ད་ལྟ་ཁྱོད་ཚོས་ཧུར་ཐག་སྒོས་བློ་མཐུན་ཁྲིན་ཝང་ཏའོ་ཡིས་བདེན་ལུགས་འཚོལ་སྙེག་བྱས་པའི་གཏམ་རྒྱུད་དྲིལ་སྒྲོག་དང་། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་བརྒྱུད་སྒྲོག་བྱེད་པ་ནི་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་ཡིན་པས། ཁྱོད་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱ་བ་དེ་བཟང་བོར་བསྒྲུབ་དགོས་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སེམས་སུ་ཡིད་ཆེས་ཡོད་ན་ཡུན་རིང་གི་ཕུགས་འདུན་འགྲུབ་ཐུབ་པ་ཡིན། མ་འོངས་པར་ཁ་ཕྱོགས་ནས་དུས་རབས་གསར་བའི་རྒྱང་སྐྱོད་བྱེད་པར་ང་ཚོར་གཏན་འཇགས་ཀྱི་འདུ་ཤེས་དང་ཉམས་པ་མེད་པའི་བརྩོན་སེམས་ཧ་ཅང་མཁོ། རྒྱ་ཆེའི་ཏང་ཡོན་དང་ཁྱད་པར་དུ་ན་གཞོན་ཏང་ཡོན་དག་གིས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ཤིང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་བརྒྱུད་རིམ་ཁྲོད་ནས་ཕུགས་འདུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཀའ་སྤྱད་འབད་བརྩོན་ཁྲོད་ནས་ཐོག་མའི་སེམས་འདུན་ལག་བསྟར་བྱས་ནས། ཧུར་ཐག་སྒོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར། 

ཁྲིན་ཝང་ཏའོ་ནི་གུང་ཁྲན་ཏང་བསྒྲགས་གཏམ་རྒྱ་འགྱུར་མ་ཐོག་མའི་ལོ་ཙཱ་བ་ཡིན་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཧྥུའུ་ཏན་སློབ་ཆེན་གྱི་སློབ་གཙོ་ཐོག་མ་རེད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར། ཧྥུའུ་ཏན་སློབ་ཆེན་གྱིས་ཁྲིན་ཝང་ཏའོ་ཡི་འཁྲུངས་གཞིས་དེ་གུང་ཁྲན་ཏང་བསྒྲགས་གཏམ་གྱི་འགྲེམ་སྟོན་ཁང་དུ་བསྒྱུར་བཀོད་བྱས་ལ། སློབ་གྲྭ་དེའི་ན་གཞོན་དགེ་རྒན་དང་སློབ་མའི་ཏང་ཡོན་དང་བླངས་པ་སྐོར་ཞིག་རྩ་འཛུགས་བྱས་ཏེ། རྒྱ་ཆེའི་དགེ་སློབ་དང་སྤྱི་ཚོགས་ལས་རིགས་སོ་སོར་ཁ་གཏད་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ། ཉེ་སྔོན་ཏང་ཡོན་དང་བླངས་པའི་ཞབས་ཞུའི་རུ་ཁག་གི་རུ་མི་སུམ་ཅུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། དང་བླངས་སྒྲོག་འགྲེལ་བྱས་པའི་ཉམས་མྱོང་དང་ཚོར་བ་སྙན་ཞུ་བྱས་ནས། གུང་ཁྲན་ཏང་བསྒྲགས་གཏམ་གྱི་དགོངས་དོན་རྒྱུན་འཛིན་བྱེད་པར་བློ་སེམས་རྣམ་པར་དག་པའི་ཡིད་ཆེས་དང་ཆོད་སེམས་ཡོད་པ་མཚོན་པར་བྱས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།