རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 
2020.07.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། མཇུག་བསྡུའི་གྲོས་ཚོགས་བཅས་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས། 

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ནས་བརྡས་ཐག་བཅད་དེ་ཡོད་ཚད་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། གྲོས་ཚོགས་ནས་ད་རུང་འབྲེལ་ཡོད་བསྐོ་འཐེན་ཇུས་གཞིར་གྲོས་ཞིབ་བྱས། 

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། གྲོས་ཚོགས་ནས་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་གསུམ་པ་ལས་བསྟན་པའི་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་ཁ་སྣོན་བྱེད་པའི་ཆོད་དོན་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞིར་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་གསལ་བཤད་བྱས། 

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བས་མཇུག་བསྡུའི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་གསུམ་པ་ལས་བསྟན་པའི་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་ཁ་སྣོན་བྱེད་པའི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་གསུམ་པ་དེ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ས་གནས་རང་དུ་ཁྱབ་སྒྲོག་ལག་བསྟར་བྱེད་རྒྱུ་གཏན་འཁེལ་གསལ་བོ་བྱས། གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད་ཧུའུ་ཙེ་མེན་གྱི་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་པོའི་ལས་འགན་ལེན་པ་དང་། ཧི་ཁའེ་རྩིས་བཤེར་ཁང་གི་མགོ་བར་བསྐོ་འཇོག་བྱེད་རྒྱུ་ཐག་བཅད། 

གྲོས་ཚོགས་ནས་འབྲེལ་ཡོད་བརྡས་གཅོད་བྱ་བ་ཡོངས་འགྲུབ་བྱས་རྗེས་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནས་བསྡོམས་པས་བཅའ་ཁྲིམས་དང་ཆོད་དོན་འཆར་ཟིན་བརྒྱད་ལ་གྲོས་ཞིབ་བྱས། བཅའ་ཁྲིམས་དང་ཆོད་དོན་དེ་དག་ལ་འདེམ་ཤོག་ཚང་མ་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་གྲོས་འཆམ་བྱུང་བ་ལས་ཞང་ཀང་སྤུན་ཟླ་དང་བཅས་པའི་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་མངོན་པར་མཚོན་ཡོད་ཅེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་དེར་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གང་ལེགས་བྱེད་པ་དང་། བཅའ་ཁྲིམས་ཀྱི་སྒྲོག་འགྲེལ་ལ་ཤུགས་སྣོན་བྱེད་པ། བཅའ་ཁྲིམས་ལམ་ལུགས་དང་འཚམ་པའི་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ། ཆེད་དོན་ལས་ཁུངས་དང་ཁྲིམས་བསྟར་སྟོབས་ཤུགས་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཀྱི་འགན་འཁྲི་ཟོལ་མེད་ཀྱིས་ལག་བསྟར་བྱེད་དགོས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་སྔ་མོ་ནས་འབྲེལ་ཡོད་ཁྲིམས་འཛུགས་ཡོངས་འགྲུབ་བྱེད་པ་དང་ས་གནས་རང་གི་འབྲེལ་ཡོད་བཅའ་ཁྲིམས་འཐུས་ཚང་དུ་གཏོང་དགོས། རྩ་ཁྲིམས་ཁྲིམས་སྐྱོང་སློབ་གསོ་དང་རྒྱལ་ཁབ་བདེ་འཇགས་སློབ་གསོ། ལོ་རྒྱུས་རིག་གནས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་གཅེས་སྙིང་སྟོབས་དར་སྤེལ་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཇེ་དྲག་བཏང་བཏང་སྟེ། བཅའ་ཁྲིམས་དེ་ཕན་ནུས་ལྡན་པར་ལག་བསྟར་བྱེད་པའི་ཐད་སྤྱི་ཚོགས་ཀྱི་ཆ་རྐྱེན་བཟང་བོ་དང་རྒྱ་ཆེ་བའི་དམངས་ཀྱི་འདོད་བློའི་རྨང་གཞི་བསྐྲུན་དགོས་ཞེས་གསུངས། 

ཐེངས་རེའི་ཚང་འཛོམས་གྲོས་ཚོགས་ཀྱི་སྔོན་ལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་སོ་སོར་འགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་རེ་དྲུག་པ་དང་རེ་བདུན་པ། རེ་བརྒྱད་པ་བཅས་བསྡུས་ཏེ། འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་བཅས་ཀྱིས་འབྲེལ་ཡོད་གྲོས་གཞིསི་ཐད་ནས་སྙན་ཞུ་བྱས། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།