ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཐད་གཏོགས་དཔེ་བཟང་སྡེ་ཁག་ལ་གཟེངས་བསྟོད་ཐོབ་པའི་ལས་ཁུངས་ཀྱི་འཐུས་མིར་འཚམས་འདྲི་བྱས།
2020.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་གོ་དགུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་།“ཞིང་ཆེན་ཐད་གཏོགས་དཔེ་བཟང་ལས་ཁུངས”ཀྱི་མིང་འདོགས་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཟེངས་བསྟོད་ཐོབ་པའི་ལས་ཁུངས་ཀྱི་འཐུས་མིར་འཚམས་འདྲི་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ཚུང་ལི་འཚམས་འདྲིའི་ལས་སྒོར་ཞུགས་ནས་གཏམ་བཤད། 

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་མཁན་ལས་ཁུངས་ཀྱི་འཐུས་མིར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་དོན་བྱ་བའི་དུས་ཆེན་ལ་འཚམས་འདྲི་བྱས་ནས་བཤད་རྒྱུར། ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འཁོར་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྲུན་གྱི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཚུད་པའི་ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་གྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ་དང་“ཡིད་རྟོན་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ།  “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལ་ཐོག་མཐའ་བར་གསུམ་དུ་མདུན་ནས་སྐྱོད་པ་དང་མིག་དཔེ་བཟང་བོ་བསྟན་ཏེ། ཆབ་སྲིད་ལ་དང་དོད་བྱེད་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ནི་ཆབ་སྲིད་ལས་ཁུངས་ཡིན་ཞིང་། ཆབ་སྲིད་ལས་ཁུངས་ཀྱིས་ཆབ་སྲིད་ལ་དང་དོད་བྱེད་པ་ནི་ལས་འགན་ཐོག་མ་ཡིན། ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་གལ་ཆེ་ཤོས་ནི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱ་རྒྱུ་དེ་རེད། ཆབ་སྲིད་ཐོག་གི་མི་བསམ་ཤེས་ཅན་ཞིག་བྱས་ན་གཞི་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་འཐོབ་ཐུབ། ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་མི་ཞིག་བྱེད་པར་གཟི་བརྗིད་བླ་མེད་ལྡན། སློབ་སྦྱོང་ལ་མཐོང་ཆེན་བྱེད་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ནི་སློབ་སྦྱོང་ལས་ཁུངས་ཡིན་པས། སློབ་སྦྱོང་ལས་ཁུངས་ཀྱིས་སློབ་སྦྱོང་ལ་མཐོང་ཆེན་བྱེད་དགོས། ད་ལྟ་ཤེས་བྱ་གསར་སྒྱུར་གྱི་དུས་འཁོར་ཟམ་མི་ཆད་པར་ཐུང་དུ་སོང་བ་དང་སློབ་སྦྱོང་བྱེད་དགོས་པའི་ཤེས་བྱ་མང་པོ་ཡོད་པས། གལ་ཆེ་ཤོས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱ་རྒྱུ་དེ་རེད། ལས་ཁུངས་ཀྱི་ལས་ཀའི་གནས་ལུགས་ཁྲི་སྟོང་མང་པོས་སློབ་སྦྱོང་མ་བྱས་ན་མི་འགྲིག་ཅིང་། སློབ་སྦྱོང་ཡག་པོ་བྱས་ན་གཞི་ནས་ཉིན་ལྟར་ཡར་རྒྱས་ཡོང་ཐུབ་པའི་གནས་ལུགས་གསལ་སྟོན་བྱེད་ཀྱིན་ཡོད་པས། མཐུན་སྒྲིལ་བྱེད་ཐུབ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ནི་མཐུན་སྒྲིལ་ལས་ཁུངས་ཡིན་པས། མཐུན་སྒྲིལ་ལས་ཁུངས་ཁག་ཕན་ཚུན་མཐུན་སྒྲིལ་བྱེད་དགོས། ལས་ཁུངས་ལ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་མཚོན་རྟགས་ནི་མཐུན་སྒྲིལ་ཡིན་པས། མཐུན་སྒྲིལ་ལེགས་པོ་བྱུང་ན་སྟོབས་ཤུགས་ཡོད། ང་ཚོ་ཐུན་མོང་གི་དམིགས་ཡུལ་ཞིག་གི་ཆེད་དུ་མཉམ་དུ་འཛོམས་པ་ཡིན། མཉམ་དུ་འགྲོ་ཐུབ་པ་ནི་ཐོབ་དཀའ་བའི་ལས་འབྲེལ་ཞིག་ཡིན་པས། ལས་དབང་ནི་མཐུན་སྒྲིལ་ལ་བརྟེན་ནས་གཅེས་འཛིན་དང་སྲུང་སྐྱོབ་བྱེད་དགོས། སྲོལ་བཟང་ལྡན་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ནི་སྲོལ་བཟང་དར་སྤེལ་བྱེད་སའི་ལས་ཁུངས་ཤིག་ཡིན་ཞིང་། ལས་ཁུངས་ཀྱི་དར་སྲོལ་བཟང་པོ་ཡོད་པས་ཚང་མ་སུན་སྣང་སྐྱེ་མི་དགོས། སྤྱོད་བཟང་གཞུང་དྲང་གི་སྲིད་སྐྱོང་ཁོར་ཡུག་བསྐྲུན་པར་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་དགོས། འཇིག་རྟེན་དུ་མཛེས་སྡུག་མང་པོ་ཡོད་ཅིང་། ཆེས་མཛེས་ཤོས་ནི་དྲང་ནུས་ཡིན། དྲང་ནུས་ནི་སེམས་ནང་གི་ཉི་འོད་ཡིན་ལ། ཉི་འོད་ལྡན་པའི་མི་ཞིག་བྱེད་རྒྱུ་ནི་སྤྲོ་སྐྱིད་ལྡན་པ་ཞིག་ཡིན། ལས་དོན་ལ་མཁས་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ནི་ལས་དོན་སྒྲུབ་པའི་ལས་ཁུངས་ཡིན་པས། བྱ་བ་ཡག་པོ་སྒྲུབ་རྒྱུ་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁྲི་ཡིན། ལས་འགན་དང་འབྲེལ་བ་ཡོད་པས་བྱ་བ་སྒྲུབ་དགོས། དུས་རབས་གསར་པ་ནི་སྙིང་སྟོབས་ཆེན་པོས་བྱ་བ་སྒྲུབ་པའི་དུས་རབས་ཤིག་ཡིན་པས། ང་ཚོས་ཏང་དང་མི་དམངས་ཀྱི་རེ་བ་ཕྲག་ཏུ་འཁུར་ཡོད། དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་ལས་ཀར་བློ་རྩེ་གཅིག་ཏུ་སྒྲིམ་པའི་རྣམ་པ་བཟང་པོ་ཡོད་དགོས། མི་དམངས་ཀྱི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་ཁུངས་ཡིན་པས། ཞབས་ཞུ་ཡག་པོ་བྱས་ན་ད་གཟོད་མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ཐུབ། ཞབས་ཞུའི་ལས་ཁུངས་དང་ཞབས་ཞུ་རྩ་བར་འཛིན་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ནི་དེའི་ནང་དོན་ཡིན། མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་ན། མི་དམངས་ཀྱི་སེམས་ནང་ནས་ང་ཚོར་གཞི་ནས་གོ་གནས་ཡོད། གོ་གནས་དེའི་སྟེང་བརྟན་པོར་བཞག་ནས་ཕྱོགས་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད་ཟེར།ཚོགས་འདུའི་ཐོག“ཞིང་ཆེན་ཐད་གཏོགས་ལས་ཁུངས”ལ་མིང་བཏགས་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》སྒྲོག་འདོན་བྱས་པར་མ་ཟད། གཟེངས་བསྟོད་ཐོབ་པའི་ལས་ཁུངས་ཀྱི་འཐུས་མིར་བྱ་དགའ་སྤྲད་དེ། གཟེངས་བསྟོད་ཐོབ་པའི་ལས་ཁུངས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།

   ལོ་ཙཱ་བ། བན་དེ་སྐྱབས།