ཏུའུ་ཏི་ཀྲི་ཡིས་ཞིང་སྡེའི་སྣ་འདུས་རང་བཞིན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི་བསྒྲུབ་པར་ལྟ་སྐུལ་བྱས།
2020.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཉེ་ལམ། མཚོ་སྔོན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཏི་ཀྲི་ཡིས་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་འདོན་ཨུ་ཡོན་ལྷན་ཁང་དང་ཞིང་ལས། ཞིང་སྡེ་ཨུ་ཡོན་ལྷན་ཁང་། ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་མི་སྣ་དང་ཨུ་ཡོན་སྐོར་ཞིག་ཁྲིད་དེ། མཚོ་སྔོན་ཞིང་ལས་ཞིང་སྡེ་ཐིན་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཞིང་སྡེའི་སྣ་འདུས་རང་བཞིན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི་བསྒྲུབ་པར་ལྟ་སྐུལ་བྱས།

ཏུའུ་ཏི་ཀྲི་སོགས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དུ་སོང་ནས་འབྲེལ་ཡོད་སྡེ་ཁག་གི་གྲོས་གཞི་བསྒྲུབ་པའི་གནས་ཚུལ་ལ་ཉན་པ་དང་། ཧུའུ་ཀྲུའུ་རྫོང་ཝེ་ཡོན་གྲོང་རྡལ་ཞའོ་ཀྲུང་སྡེ་བའི་གོ་ཆོད་པའི་ཤེས་ལྡན་མི་སྣའི་སྣེ་ཁྲིད་པའི་གསོ་སྦྱོང་རྟེན་གཞི་དང་ཏུང་ཧི་ཞང་སྐྱེ་ཁམས་འདེབས་གསོ་ཞིང་བའི་ཆེད་དོན་མཉམ་ལས་ཁང་དུ་སོང་ནས་ཡུལ་དངོས་ལྟ་ཞིབ་བྱས།

ཏུའུ་ཏི་ཀྲི་ཡིས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་གྲོས་གཞི་ལྟ་སྒྲུབ་སྡེ་ཁག་གིས་ཞིང་སྡེའི་སྣ་འདུས་རང་བཞིན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་དམིགས་ནས། ཞིང་སྡེ་དར་སྤེལ་དུ་གཏོང་བའི་ཐད་ནས་སྒྲུབ་པའི་བྱ་བར་ཁས་ལེན་གང་ལེགས་བྱས། གྲོས་གཞི་བསྒྲུབ་པའི་གནས་ཚུལ་ཐད་ནས་ཧ་ཅང་ཡིད་ཚིམ་པའི་ཚུལ་བསྟན། ཁོས་ནན་གྱིས་བསྟན་དོན། མཁར་གྲོང་གི་ཕྱོགས་གཉིས་ཤེས་ལྡན་མི་སྣ་འཁོར་རྒྱུག་གི་ཕན་ཡོད་རྐྱེན་སྲོལ་འཛུགས་པ་དང་། ཞིང་ལས་དང་འབྲེལ་བའི་ཆེད་དོན་ལག་རྩལ་མི་སྣ་གཞི་རིམ་དུ་བསྐྱོད་པའི་ལས་སྐྲུན་ལམ་བུ་བཏོད་དེ། མཐོ་རིམ་ཆེད་ལས་ལག་རྩལ་དང་ཤེས་ལྡན་མི་སྣ་ཞིང་སྡེ་རུ་བསྐྱོད་པར་སྣེ་ཁྲིད་བྱེད་དགོས། སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་དང་ཕྱིར་ཕ་ཡུལ་དུ་ལོག་པའི་ངལ་རྩོལ་མི་སྣར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་ཁྲོད་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཁྲོད་འཇོག་དགོས། གནས་བབ་གསར་བའི་རེ་བ་ལྟར། ཞིང་སྡེའི་ཤེས་ལྡན་མི་སྣའི་གསོ་སྦྱོང་ནང་དོན་རྒྱ་སྐྱེད་པ་དང་། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་དགོས་མཁོ་ལ་ཟུང་འབྲེལ་བྱས་ནས། མཛེས་བའི་ཡུལ་གྲོང་འཛུགས་སྐྲུན་དང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པའི་མཉམ་བསྲེས་སོགས་ཀྱི་ཤེས་བྱའི་གསོ་སྦྱོང་ལ་ཧ་ཅང་མཐོང་ཆེན་བྱེད་དགོས། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁང་གི་གསོ་སྦྱོང་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཧུར་ཐག་གིས་ཁོ་ཚོ་གོ་ཆོད་པའི་སྣ་འདུས་རང་བཞིན་གྱི་ཤེས་ལྡན་མི་སྣ་རུ་སྐྱེད་སྲིང་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཞིང་སྡེའི་ཤེས་ལྡན་མི་སྣའི་དཔུང་སྡེ་དོ་དམ་འཛུགས་སྐྲུན་བར་གྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་བསྣན་ནས། མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།