ལིས་ཁི་ཆང་གིས་ཐེ་གོའི་ཙུང་ལི་ཡིས་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བའི་ཐད་ནས་ཕན་ཚུན་གློག་འཕྲིན་བཏང་། 
2020.07.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཐེ་གོའི་ཙུང་ལི་པཱ་ཡུས་གཉིས་ཀྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཕན་ཚུན་གློག་འཕྲིན་བཏང་སྟེ། ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བར་རྟེན་འབྲེལ་ཞུས། 

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཐེ་གོ་ནི་མཛའ་བརྩེ་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་གཏན་འཇགས་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕན་འབྲས་ལྡན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བཟང་བོ་བསྐྲུན་པར་མ་ཟད། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བར་གྱི་འབྲེལ་བར་འཕེལ་རྒྱས་སུ་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས། ད་ལོའི་ཚུན་ལ། ཕྱོགས་གཉིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འཐབ་རྩོད་ཁྲོད་ཕན་ཚུན་རོགས་འདེགས་བྱས་པ་དང་། ཀྲུང་གོ་དང་ཐེ་གོའི་ཁྱིམ་གཅིག་ལྟ་བུའི་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཐེ་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱས་ཤིང་། ཐེ་གོའི་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། ཀྲུང་གོ་དང་ཐེ་གོ། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་འཇོག་འདོད་ཡོད་པར་བསྟན། 

པཱ་ཡུས་ཀྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཐེ་གོ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་དཀའ་སྡུག་མཉམ་མྱོང་བྱས་ཏེ་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཀྲུང་གོ་དང་ཐེ་གོ་ཁྱིམ་གཅིག་ལྟ་བུ་ཡིན་པ་ལས་དམིགས་བསལ་གྱི་འབྲེལ་བ་གཟུགས་ཅན་བཞིན་དུ་མངོན་པར་བྱས་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དང་རྒྱལ་སྤྱིའི་གནས་བབ་ཀྱི་གཏན་འཇགས་མིན་པའི་རང་བཞིན་མདུན་ནས་ང་ཚོ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཛའ་མཐུན་མཐུན་སྒྲིལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཤིང་ལག་རྡང་སྦྲེལ་ནས་འགྲན་རྩོད་ཐག་གཅོད་བྱེད་དགོས། ཐེ་གོའི་སྲིད་གཞུང་གིས་ཀྲུང་གོའི་སྲིད་གཞུང་བར་རོགས་ལས་ཟབ་མོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།