ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། 
2020.07.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 42

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དངུལ་ལོར་གྱིས་ཁེ་ལས་ཆུང་འབྲིང་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ས་གནས་སྲིད་གཞུང་གི་ཆེད་དོན་དངུལ་བུན་གྱིས་ལུགས་དང་མཐུན་པའི་སྒོ་ནས་དངུལ་ཁང་ཆུང་འབྲིང་གི་མ་རྩའི་དངུལ་གྱི་ཁ་གསབ་ལ་རྒྱབ་སྐྱོར་བྱེད་པར་ཆོག་མཆན་འགོད་རྒྱུ་ཐག་བཅད། ཁེ་ལས་ཆུང་འབྲིང་གི་མ་དངུལ་ལ་འགན་སྲུང་བྱེད་པའི་རྩིས་སྤྲོད་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། དེའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་རེད། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ས་ཁུལ་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་བཀོད་སྒྲིག་བྱས། 

གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁྱད་པར་དུ་ཁེ་ལས་ཆུང་འབྲིང་དང་དམངས་གཉེར་ཁེ་ལས་ཀྱི་འཚོ་སྡོད་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་དང་། ངེས་པར་དུ་དངུལ་ལོར་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཏེ་དངུལ་ཁང་ཆུང་འབྲིང་གི་མེད་དུ་མི་རུང་བའི་ནུས་པ་འདོན་སྤེལ་བྱེད་དགོས། གྲོས་ཚོགས་ནས་ད་ལོའི་གསར་དུ་འཕར་བའི་ས་གནས་སྲིད་གཞུང་གི་ཆེད་སྤྱོད་དངུལ་བུན་གྲངས་འབོར་ཁྲོད་ཚད་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཤིང་། ས་གནས་སྲིད་གཞུང་གིས་ཁྲིམས་སྲོལ་ལྟར་ཉོ་བསྡུ་ཁས་ལེན་ཐོབ་ན་དངུལ་འཛིན་དུ་བསྒྱུར་ཆོག་པ་སོགས་ཀྱི་ཐབས་ལ་བརྟེན་ནས། དངུལ་ཁང་ཆུང་འབྲིང་གི་མ་རྩའི་དངུལ་ཁ་གསབ་བྱེད་པའི་ལུགས་མཐུན་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་དགོས། རྒྱུན་མཐུད་ཚོང་ར་ཅན་གྱི་ཚོང་གཉེར་ནུས་པ་ལྡན་པའི་དངུལ་ཁང་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་པ་དང་། དེས་ཁེ་ལས་ཆུང་འབྲིང་ལ་ཞབས་འདེགས་ཞུ་བར་ཤུགས་སྣོན་དང་ལས་ཞུགས་ནུས་པའི་འགན་སྲུང་ལ་རྒྱབ་སྐྱོར་བྱེད་དགོས། དངུལ་ཁང་ཆུང་འབྲིང་གི་བཅོས་སྐྱོང་འཐུས་ཚང་དང་ནང་ཁུལ་གྱི་ཚོད་འཛིན་རྐྱེན་སྲོལ་འཐུང་ཚང་དུ་བཏང་སྟེ། མ་རྩའི་དངུལ་ཁ་གསབ་བྱེད་པར་རྒྱབ་སྐྱོར་བྱས་ནས་བཅོས་བསྒྱུར་ལ་སྐུལ་འདེད་དང་རྐྱེན་སྲོལ་བརྗེ་དགོས། ས་གནས་སྲིད་གཞུང་གི་འགན་འཁྲི་དང་། དངུལ་ཁང་དང་མ་རྐང་གཏོང་མཁན་གྱི་འགན་འཁྲི་གཙོ་བོ། དངུལ་ལོར་དོ་དམ་སྡེ་ཁག་གི་ལྟ་རྟོག་དོ་དམ་འགན་འཁྲི་བཅས་དངོས་འབེབ་བྱས་ཏེ། དངུལ་ཁང་རེའི་ཐབས་ཇུས་རེར་གཏན་འཇགས་ངང་སྐུལ་འདེད་གཏོང་དགོས་ལ། ས་གནས་ཀྱིས་ཀྱང་དེའི་ཐོན་ཁུངས་སྦས་ཤུགས་སྔོག་འདོན་བྱས་ནས་རྒྱབ་སྐྱོར་བྱེད་དགོས། དེ་མིན་ལྟ་རྟོག་དོ་དམ་དང་རྩིས་བཤེར་ལྟ་རྟོག་ལ་ཤུགས་སྣོན་དགོས། ཆེད་དོན་དངུལ་བུན་གྱིས་མ་རྩའི་དངུལ་ཁ་གསབ་བྱས་ཏེ་ཚོང་ར་ཅན་གྱི་ཕྱིར་གཏོང་རྐྱེན་སྲོལ་བཙུགས་ནས་ཀུན་སྤྱོད་ཀྱི་ཉེན་ཁ་སྔོན་འགོག་ནན་མོ་བྱེད་དགོས་པར་བསྟན། 

གྲོས་ཚོགས་ནས་བསྟན་དོན། དཔལ་འབྱོར་གྱི་གཞི་རྩ་གཏན་འཇགས་ཡོང་བར་བྱས་ཏེ་ཁེ་ལས་ཆུང་འབྲིང་དག་དཀའ་ཁག་ལས་སྒྲོལ་བར་རོགས་རམ་བྱས་ནས་དེའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། གྲོས་ཚོགས་ནས་ཁེ་ལས་ཆུང་འབྲིང་གི་མ་དངུལ་ལ་འགན་སྲུང་བྱེད་པའི་རྩིས་སྤྲོད་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། ལས་ཁུངས་དང་ལས་དོན་སྡེ་ཁག ཁེ་ལས་ཆེ་གྲས། ཁེ་ལས་ཆུང་འབྲིང་བཅས་ཀྱི་གན་རྒྱ་འཛུགས་པ་དང་མ་དངུལ་འགན་སྲུང་། རྩིས་སྤྲོད་བྱེད་ཐབས་སོགས་ཀྱི་ཐད་གཏན་འཁེལ་བྱས་ཤིང་། མ་དངུལ་རྩིས་སྤྲོད་ཀྱི་ཡུན་ཚད་ཚད་ལྡན་དུ་བཏང་བ་དང་། ཞིབ་བཤེར་རེ་བ་གཏན་འཁེལ་གསལ་བོ་བྱས། འགན་ཁུར་བའི་བརྗེ་སྤོར་དང་ཞིབ་བཤེར་ཚད་ལེན། རྩིས་བཤེར་སོགས་རྒྱུན་མཚན་དུ་བྱས་ཏེ། རྩིས་སྤྲོད་མི་བྱེད་པའམ་འགོར་འགྱངས་བྱེད་མི་རུང་བའི་གཏན་འཁེལ་བྱས་ཡོད་པར་མ་ཟད། རྩིས་སྤྲོད་བརྡ་འཕྲིན་ཐེར་འདོན་ལམ་ལུགས་བཙུགས་ཏེ། ལས་ཁུངས་དང་ལས་དོན་སྡེ་ཁག ཁེ་ལས་ཆེ་གྲས་བཅས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་རྩིས་སྤྲོད་བྱས་མེད་པའི་ཁེ་ལས་ཆུང་འབྲིང་གི་མ་དངུལ་གྱི་གན་རྒྱའི་ཁ་གྲངས་དང་འབོར་གྲངས་སོགས་བརྡ་འཕྲིན་ཁྱབ་སྒྲོག་བྱས་ནས། གན་རྒྱ་དང་འགལ་བར་འགོར་འགྱངས་བྱས་པའི་ཞུ་གཏུག་ཐག་གཅོད་དང་ཆད་གཅོད་སོགས་ཀྱི་དོན་ཚན་གཏན་འཁེལ་བྱེད་དགོས་པའི་རེ་བ་བཏོན། གྲོས་ཚོགས་ནས་ད་རུང་ལྟ་རྟོག་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཏེ་སྒྲིག་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་བསྟན་དོན། རྒྱལ་ཁབ་མཐོ་གསར་ས་ཁུལ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟེན་གལ་ཆེན་ཡིན་པ་དང་། ཤུགས་ཚད་སྔར་ལས་ཆེ་བའི་བཅོས་བསྒྱུར་སྒོ་འབྱེད་ལ་དཔེ་སྟོན་སྣེ་ཁྲིད་བྱེད་པར་ནུས་པ་གལ་ཆེན་ལྡན་ལ། གསར་གཏོད་གཉིས་དང་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བར་ཡང་ཕན་ཐོགས་ཡོད། རྒྱལ་ཁབ་ཀྱི་མཐོ་གསར་ས་ཁུལ་ནས་རང་དབང་ཉོ་ཚོང་ཚོད་ལྟའི་ས་ཁུལ་དང་རྒྱལ་ཁབ་རང་བདག་གསར་གཏོད་ཀྱི་དཔེ་སྟོན་བཅོས་བསྒྱུར་ཚོད་ལྟའི་སྲིད་ཇུས་ཁྱབ་གདལ་དུ་བཏང་སྟེ། གསར་གཏོད་སྲིད་ཇུས་སྔོན་ལ་ཚོད་ལྟ་བྱེད་པར་ཤུགས་སྣོན་དགོས། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣའི་ལམ་ཡིག་དང་གཞིས་སྡོད་སོགས་ཀྱི་གཏན་འཁེལ་ཇེ་ལྷོད་དུ་གཏོང་དགོས། སྒོ་འབྱེད་ཤུགས་ཚད་ཇེ་ཆེར་བཏང་ནས་ཕྱི་རྒྱལ་གྱི་ས་ཁུལ་བར་གྱི་མཉམ་ལས་ལ་སྐུལ་མ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་ཐོན་ལས་ཀྱི་མཁོ་འདོན་མུ་འབྲེལ་ནང་ཞུགས་དགོས། ཚོང་ལས་དངུལ་ཁང་གིས་རྒྱལ་ཁབ་ཀྱི་མཐོ་གསར་ས་ཁུལ་ནས་ཚན་རྩལ་ཡན་ལག་དངུལ་ཁང་བཙུགས་ཏེ། ཤེས་བྱའི་ཐོན་དབང་གཏའ་མར་བཞག་པའི་དངུལ་གསོག་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།