ལིའུ་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་རྟོག་ཞིབ་བྱས།
2020.07.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བདུན་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་མ་ལག་ལྡན་པའི་ཕྱོགས་བསྡུས་ཇུས་བསྟར། ཉེན་ཟོན་ཉེན་བརྡ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འགོག་བཅོས་ལས་དོན་ཁག་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཟེར།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་མངོན་མེད་རྐྱེན་ངན་ལ་རྩིས་བཤེར་དང་ཉེན་བརྡ་ལྟ་ཞིབ་ཚད་ལེན། འགོག་བཅོས་བཟོ་སྐྲུན་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་སྟེང་དུ། ཆུ་འབུད་མ་ལག་དང་ལ་ངོས་གཞོག་ནས་ཁང་པ་རྒྱག་པ། མིས་བར་ཆད་བཟོ་བ་སོགས་ཀྱི་རྒྱུ་རྐྱེན་ལ་གཅིག་གྱུར་གྱིས་བསམ་བློ་བཏང་སྟེ། ཕྱོགས་བསྡུས་བཅོས་སྐྱོང་གི་ཇུས་གཞི་བཟོས་ནས་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་ནུས་ཆེ་རུ་གཏོང་བ་དང་། ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་བཙུགས་ནས་ས་གཤིས་གནོད་འཚེའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གནོད་འཚེ་ཡིས་མང་ཚོགས་ལ་ཉེན་ཁ་བཟོ་བའི་ཛ་དྲག་གི་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་ལས་དོན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། བསམ་བློ་ཁྲིད་སྟོན་དང་དོགས་པ་སེལ་ནས་ཐོན་ལས་རོགས་སྐྱོར་ལ་ཤུགས་བསྣན་ཏེ། མང་ཚོགས་གནས་སྤོ་ཐུབ་པ་དང་བརྟན་པོ་ཡོང་གང་ཐུབ་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།