མཱ་ཅི་ཞོ་ཡིས་མཚོ་སྔོན་གྱི་གཙག་དྲུབ་ཐོན་ལས་འཕེལ་རྒྱས་ཐད་ནས་རྟོག་ཞིབ་བྱས།
2020.07.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བདུན་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་ཟི་ལིང་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་ལ་སོང་ནས་མཚོ་སྔོན་གྱི་གཙག་དྲུབ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་པ་དང་ཞབས་ཞུའི་སྟེགས་བུ་འཛུགས་པ། ལག་བདེ་མོས་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ལག་ཤེས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་སོགས་ཐད་ཤུགས་བཏོན་ནས་ཕན་འབྲས་བརྩོན་ལེན་བྱས་ཏེ། བུད་མེད་མང་ཚོགས་ཀྱི་ལག་ཤེས་ཐོན་རྫས་ལས་རིགས་ཁྲོད་ཀྱི་ལས་སྐྲུན་གྱི་བརྩོན་སེམས་དང་གསར་གཏོད་གསོན་ཤུགས་དང་གསར་སྐྲུན་སྦས་ཤུགས་ཆེར་བསྐྱེད་དགོས་ཟེར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉེའོ་ཁྲིན་ཡུན་རྟོག་ཞིབ་ལ་ཞུགས།

མཱ་ཅི་ཞོ་ས་རེ་རེར་ཐོན་དུས་ཐོན་ལས་ཀྱི་འགན་ཁུར་མི་སྣ་དང་རྒྱུད་འཛིན་པར་བརྗེ་རེས་དང་གྲོས་སྡུར་བྱས་ནས། མཚོ་སྔོན་གྱི་གཙག་དྲུབ་འཆར་འགོད་དང་ཐོན་སྐྱེད། བཟོ་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན།  གཙག་དྲུབ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་རོང་འབྲོག་ཁུལ་གྱི་བུད་མེད་ཀྱིས་ཕུལ་བྱུང་སྲོལ་རྒྱུན་མི་རིགས་རིག་གནས་དར་སྤེལ་གཏོང་བ་དང་སྲུང་སྐྱོབ་བྱེད་པ་དང་། རང་ཁྱིམ་ནས་ལས་ཞུགས་བྱེད་པ་དང་ཡོང་འཕར་ཕྱུག་སྒྱུར་གྱི་ལག་རྩལ་གཙོ་བོ་དང་། མི་རིགས་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་དུ་གྱུར་ཡོད། མཚོ་སྔོན་གྱི་གཙག་དྲུབ་རིག་གནས་སྔོག་འདོན་དང་སྒྱུ་རྩལ་ཇུས་འགོད། ཐོན་ལས་འཕེལ་རྒྱས། དྲིལ་སྒྲོག་སྟེགས་བུ། ཚོང་རྟགས་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་དགོས། ཕུལ་བྱུང་སྒྱུ་རྩལ་བཀོལ་སྤྱོད་བྱས་ནས་མི་རིགས་རིག་གནས་ཀྱི་ཚོང་རྟགས་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་གྱི་གཙག་དྲུབ་སྒྱུ་རྩལ་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་བཏང་སྟེ། མཚོ་སྔོན་གྱི་གཙག་དྲུབ་ཐོན་རྫས་ཚོང་ར་ཆེན་པོར་བསྐྱོད་པའི་ཐད་འབད་འཐབ་བྱེད་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མུ་མཐུད་དུ་འགན་ནུས་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་གཙག་དྲུབ་བྱ་བའི་བཟོ་གྲྭ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། མཚོ་སྔོན་གྱི་གཙག་དྲུབ་ཐད་ཀྱི་སྣེ་ཁྲིད་པ་སྐོར་ཞིག་སྐྱེད་སྲིང་བྱེད་པ། མཚོ་སྔོན་གྱི་གཙག་དྲུབ་བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ། མཚོ་སྔོན་གྱི་གཙག་དྲུབ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཕོངས་མང་ཚོགས་ཀྱིས་ལག་རྩལ་ལ་བརྟེན་ནས་མི་ཚེ་གསར་བ་བསྐྲུན་པ་དང་། མཚོ་སྔོན་གྱི་གཙག་དྲུབ་དེ་མཚོ་སྔོན་གྱི་མིང་བྱང་གསར་བ་རུ་འགྱུར་བར་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།