ཡུས་ཚོང་ལི་ཡིས་2020ལོའི་མཐོ་རྒྱུགས་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།
2020.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བདུན་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་དང་ཟི་ལིང་གྲོང་ཁྱེར། ཧའེ་ཧུའུ་སློབ་འབྲིང་བཅས་ཀྱི་རྒྱུགས་རར་སོང་ནས་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་གྲ་སྒྲིག་བྱ་བར་ཡུལ་དངོས་ལྟ་ཞིབ་བྱས་པ་མ་ཟད། ཚད་གཞི་ཆེས་མཐོན་པོ་དང་བྱེད་ཐབས་ཆེས་ནན་མོས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱུགས་ལེན་རྩ་འཛུགས་བྱ་བ་དམ་འཛིན་བྱས་ཏེ། 2020ལོའི་མཐོ་རྒྱུགས་བདེ་འཇགས་དང་བརྟན་བརླིང་། སྒྲིག་ལམ་ཡོད་པའི་སྒོ་ནས་ལེན་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡུས་ཚོང་ལི་ཡིས་སྔ་གཞུག་ཏུ་རྒྱུགས་ཤོག་བདེ་འཇགས་དོ་དམ་དང་བགོ་བ། སློབ་གསོའི་རྒྱུགས་ལེན་རྒྱུགས་དོན་བཀོད་འདོམས་སྟེགས་བུའི་འཁོར་རྒྱུག་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མཐོ་རྒྱུགས་གྲ་སྒྲིག་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། རྒྱུགས་ལེན་སའི་ཚད་གཞི་ཅན་གྱི་རྒྱུགས་ར་བཀོད་སྒྲིག་དང་རིམས་འགོག་གནས་ཚུལ་ཐད་ནས་ཡུལ་དངོས་ལྟ་ཞིབ་བྱས།

ཡུས་ཚོང་ལི་ཡིས་ནན་གྱིས་བསྟན་དོན། ད་ལོའི་མཐོ་རྒྱུགས་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་ཧ་ཅང་ལྕི་བས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་གླེང་བ་དང་སྤྱི་ཡོངས་གླེང་བའི་མཐོ་ཚད་དུ་འགྲེང་ནས། ཉེན་ཁར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། བྱ་བའི་ཇུས་གཞི་ཇེ་ཞིབ་ཏུ་གཏོང་བ། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ཕྱིར་མངོན་མེད་པའི་ཉེན་ཁ་དང་འགྲན་རྩོད་ལ་གྲ་སྒྲིག་གང་ལེགས་བྱས་ཏེ། བདེ་འཇགས་དང་མངོན་གསལ། འདྲ་མཉམ་གྱི་མཐོ་རྒྱུགས་ཤིག་ལེན་པར་ཁག་ཐེག་བྱེད་དགོས། ངེས་པར་དུ་ཚད་གཞི་དང་རེ་བ་ནན་མོ་འདོན་པ་དང་། ཚད་གཞིའི་འདུ་ཤེས་དང་ལེགས་ཞིབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལམ་ལུགས་ལྟར་ལག་བསྟར་དམ་འཛིན་བྱེད་པ། ལམ་ལུགས་ཀྱི་གཏན་ཁེལ་གཞིར་འཛིན་པ། རྒྱུགས་ར་དང་རྒྱུགས་ཁང་། རྒྱུགས་ཤོག་སྟེར་བསྡུ་སོགས་བྱེད་སའི་རིམས་འགོག་བྱེད་ཐབས་ཇེ་བཟང་དུ་གཏོང་བ། འབྲེལ་ཡོད་རྒྱུགས་དོན་བྱ་བའི་སྒྲིག་ལམ་དང་ལམ་ལུགས། གཏན་ཁེལ་གྱི་ལག་བསྟར་གཟབ་ནན་དུ་བཏང་སྟེ། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དང་མཐོ་རྒྱུགས་དང་འབྲེལ་བའི་མི་སྣའི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་དགོས། ངེས་པར་དུ་བྱ་བའི་འགན་འཁྲི་གཏན་ཁེལ་ནན་མོ་བྱེད་པ་དང་། མཉམ་ལས་གཞོགས་འདེགས་དང་བདེ་འཇགས་གསང་སྲུང་ལ་ཤུགས་སྣོན་པ། རྒྱུགས་ལེན་རྩ་འཛུགས་དོ་དམ་དང་ཞབས་ཞུ་བྱེད་ཐབས་ལ་ཤུགས་བསྣན་ནས། ཚད་གཞི་མཐོན་པོས་མཐོ་རྒྱུགས་ལེན་པར་རྩ་འཛུགས་དང་ལག་བསྟར་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།