ཞི་ཅིན་ཕིང་དང་ཀཱ་ནཱའི་ཙུང་ཐུང་གིས་ཀྲུང་གོ་དང་ཀཱ་ནཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
2020.07.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 95

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀཱ་ནཱའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏའོ་རྣམ་གཉིས་ཀྱིས་ཚེས་ལྔ་ཉིན་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཀཱ་ནཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་པ་དང་དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཀཱ་ནཱའི་མཉམ་ལས་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོར་བྱུང་ཡོད་པ་དང་། ཕྱོགས་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོའི་ཕྱོགས་ཀྱིས་ཀཱ་ནཱ་དང་བཅས་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བར་ཕན་ཚུན་རོགས་རམ་དང་མཉམ་དུ་རིམས་ནད་འགོག་རྒོལ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་དཀའ་སྡུག་མཉམ་མྱོང་གི་སྤུན་ཟླ་ལྟ་བུའི་བརྩེ་བ་མངོན་པར་བྱས་ཡོད། བདག་གིས་ཀྲུང་གོ་དང་ཀཱ་ནཱའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏའོ་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བ་གོ་སྐབས་སུ་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་དུས་མཚུངས་སུ། སྔར་ལས་འབྲེལ་བ་ཟབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་བྱས་རྗེས་གང་ལེགས་འཇོག་འདོད་ཡོད་ཟེར། 

ཨ་ཁུའུ་ཧྥུའུ་ཨ་ཏའོ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཙུང་ཐུང་ཨིན་ཁི་ལུའུ་མཱ་དང་ཀྲུའུ་ཞི་མའོ་ཙེ་ཏུང་། ཙུང་ལི་ཀྲུའུ་ཨིན་ལའེ་སོགས་རྒྱལ་ཁབ་གཉིས་ཀྱི་རྒན་རབས་མགོ་ཁྲིད་པས་ཀྲུང་གོ་དང་ཀཱ་ནཱའི་མཛའ་མཐུན་འབྲེལ་བ་གསར་གཏོད་དང་དར་སྤེལ་བྱས། ལོ་ངོ་དྲུག་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་ཡིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། མཉམ་དུ་ཞི་བདེ་དང་འདྲ་མཉམ། དྲང་བདེན་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་བརྩོན་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་སྐབས་ཕུལ་དུ་བྱུང་བའི་མགོ་ཁྲིད་ནུས་པ་མངོན་པར་བྱས་ཤིང་། ཀྲུང་གོས་ཀཱ་ནཱ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་རིམས་འགོག་ཐད་རོགས་རམ་དང་རྒྱབ་སྐྱོར་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཟེངས་བསྟོད་ཐོབ་ཡོད། ཀཱ་ནཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་འགོག་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེའི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་འཐབ་ཇུས་རོགས་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།